སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-24



        སྤྱི་ཟླ10བའི་ཚེས24ཉིན། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲུབ་བྱས་པའི་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཚོགས།

        ཚོགས་ཐོག་ཏུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་ལུའུ་པིན་གྱིས་གཏམ་བཤད་གནང་བ་དང་ཤིས་ཚིག་ཕུལ། བདེ་ཆེན་ཚགས་པར་ཁང་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཆན་ཞིན་གྱིས་ཚོགས་འདུ་ལ་གཙོ་སྐྱོང་གནང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་ལེའོ་ཅ་ཞིན་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན། སི་ཁྲོན་ཞིང་ཆེན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིན་བཅས་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་། 

        ཚོགས་འདུ་འདིའི་དགོངས་དོན་གཙོ་བོ་ནི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་གསར་བརྩམས་ལེ་ཚན་དག་གི་གཡུར་ཟའི་འབྲས་བུ་ཕྱོགས་བསྡོམ་བྱས་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་བོད་སྐད་སྨྱན་བྱད་ཀྱི་ལས་ཁུངས་སོ་སོའི་ཕུལ་ཕུལ་བྱུང་དཔྱད་རྩོམ་དང་གསར་འགྱུར། དྲ་ལམ་གསར་འགྱུར་དག་དཔྱད་བདམས་བྱ་རྒྱུ་ཡིན་པར་མ་ཟད། གསར་བྱུང་མིང་བརྡ་གཅིག་གྱུར་བྱ་རྒྱུ་ཡིན་པ་དང་། དྲ་བའི་སྒྲིག་བཀོད་དང་སྒྲིག་བཟོ་ལེགས་བཅོས། འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ལྗོངས་ཞིང་ལྔའི་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་བོད་སྐད་སྨྱན་བྱད་ལས་རིགས་ཀྱི་རྒྱུ་སྤུས་གོང་འཕེལ་དུ་གཏང་རྒྱུ་དང་། འདས་པའི་ལོ་ངོ་གཅིག་ལྷག་རིང་གི་བོད་ཁུལ་གྱི་གསར་འགྱུར་དང་། བསྒྱུར་རྩོམ་དྲ་བ་སོགས་ཀྱི་འཕེལ་རྒྱས་ལ་སྤྱི་སྡོམ་དང་སྐུལ་འདེད་བྱས་ནས། བོད་ཁུལ་གྱི་བོད་སྐད་སྨྱན་བྱད་ཀྱི་དྲ་བའི་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་ཡར་རྒྱས་གོང་སྤེལ་དུ་གཏང་རྒྱུའི་ཐད་གྲོས་བསྡུར་བྱས།  

        ཐེངས་འདིའི་བྱེད་སྒོའི་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར། དཀར་མཛེས་ཉིན་རེའི་ཚགས་པར། རྔ་བའི་ཚགས་པར།  གཞིས་རྩེ་ཚགས་པར། ཀན་ལྷོ་ཉིན་རེའི་ཚགས་པར། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་བཏུས་ལྟེ་གནས། དེ་མིན་བདེ་ཆེན་ཉིན་རེའི་ཚགས་པར་དང་།  ཨ་མདོ་བརྙན་འཕྲིན་ཁང་། ཁམས་པ་བརྙན་འཕྲིན་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་ཚིགས་སོགས་རྒྱལ་ནང་གི་བོད་ཀྱི་གསར་འགྱུར་དྲ་བ་གཙོ་བོ་དག་དང་། 《སྦྲང་ཆར》དང《བོད་ཀྱི་སློབ་གསོ》《གངས་ལྗོངས་ཉི་གཞོན།》《ཁ་གཏགས་དཀར་པོ།》སོགས་ཞིང་ལྗོངས་ལྔའི་དེབ་ཚགས་རྩོམ་སྒྲིག་ཁང་དང་བརྙན་རླུང་འཕྲིན།  དྲ་བ་བཅས་སྨྱན་བྱད་ལས་ཁུངས་སོ་བདུན་ཚོགས་སྟེང་དུ་ཞུགས་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1