༄༅།། ལྷ་བཟོ་ཨ་ཆུང་།

རྟ་མགྲིན་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-24


                                   རྣམ་དཔྱོད་ཀྱི་སོར་རྩེ་ལས་མཆེད་པའི་བོད་ཀྱི་འབུར་བརྐོས་སྒྱུ་རྩལ། ----------

                            སྡེ་དགེའི་ལྷ་བཟོ་ཨ་ཆུང་གི་སྐུ་བརྙན་སྒྱུ་རྩལ་སྐོར་གླེང་བ། 


        གངས་རིའི་ར་བས་ཡོངས་ནས་བསྐོར་བའི་ཡུལ་བསིལ་ལྡན་གངས་ཅན་ས་ལའི་སྨན་ལྗོངས་ཞེས་འཛམ་གླིང་འཛིན་མའི་ཏོག་ལྟར་མཛེས་པའི་གནས་འདིར་གནའ་སྔ་མོའི་དུས་ནས་བཟུང་འགྲོ་བ་མིའི་རིགས་བྱུང་ཞིང་།  ལུས་ལ་ཤིང་ལོའི་གོས་གྱོན་པ་དང་།  ཁ་ལ་མ་རྨོས་པའི་ལོ་ཏོག་གི་འབྲུ་ཟས་སྟེ་འཚོ་བཞེས་གནང་།  དེ་ནས་རིམ་གྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་སྟེ་རང་བྱུང་ཁམས་ཆེན་མོ་འདི་དང་འཐབ་རྩོད་བགྱིས་བཞིན་ངལ་རྩོལ་གྱི་ལས་སྣ་ཚོགས་སུ་ཞུགས་ཤིང་། ལྷག་པར་འཚོ་གནས་ཀྱི་དགོས་མཁོ་སྐོང་བའི་ཕྱིར་དུ་ངལ་རྩོལ་གྱི་ལག་ཆ་མང་པོ་ཞིག་གསར་དུ་གཏོད་པ་དང་།  རིམ་བཞིན་ངལ་རྩོལ་གྱི་གོ་རིམ་ཁྲོད་མི་རིགས་གཞན་དང་ས་གནས་གཞན་ལ་མི་འདྲ་བའི་སྒྱུ་རྩལ་གྱི་སྣང་བརྙན་མང་པོ་ཞིག་འཛམ་གླིང་ཤེས་རིག་འཕེལ་བའི་སྤྱི་ནོམ་དུ་ཕུལ་ཡོད། །

        དེ་ཡང་མངའ་རིས་རུ་ཐོག་ལས་བརྩམས་ཏེ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པའི་བྲག་རྡོའི་སྟེང་བྲིས་པའི་མཆོད་རྟེན་དང་།  ཁྱུང་།  མི།  ཕྱུགས་ཟོག  གཅན་གཟན་སོགས་བྲག་བརྐོས་རི་མོ་དག་དང་།  དེ་ནས་ཆབ་མདོའི་ཁ་རུབ་དང་།  ལྷ་སའི་ཆུ་གོང་།  ཉིང་ཁྲིའི་ཉིང་ཆུའི་འགྲམ།  དེ་བཞིན་གཉའ་ལམ།  དིང་རི། མངའ་རིས།  ནག་ཆུ།  རྒྱལ་རོང་། ཐེམ་ཆེན།  རྫོང་རི། ཤན་རྩ་སོགས་རིག་གནས་ཤུལ་བཞག་གི་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་དེ་དག་ལས་རྫ་ཆས་དང་།  རྡོ་ཆས།  རུས་ཆས། རྒྱན་ཆས། གནའ་མིའི་རུས་པ།  འདམ་བཟོ་སོགས་གནའ་བོའི་བོད་མིའི་ཕྱག་སོར་ལས་འཁྲུངས་པའི་ལག་ཤེས་བཟོ་རིག་མང་པོ་ཞིག་གསར་རྙེད་བྱུང་བ་རེད།  དེ་དག་གི་བཟོ་བཀོད་མཛེས་ལ་འཇམ་ཤ་དོད་ཅིང་།  གསོན་ཉམས་ཀྱིས་ཕྱུག་པ་ཤ་སྟག་ཡིན་ལ།  བོད་ཀྱི་རི་མོ་དང་འབུར་བརྐོས་སྒྱུ་རྩལ་བྱུང་བའི་ཐོག་མའང་ཡིན་པར་ངེས།  


        སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ།  ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བལ་ནས་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས་ཤིང་།  མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་བཞེངས་ཏེ་བོད་ཀྱི་སྒྱུ་རྩལ་ལས་བྲིས་འབུར་སྒྱུ་རྩལ་སྐོར་ལ་སྔ་ན་མ་མཆིས་པའི་འཕེལ་རྒྱས་བྱུང་ལ།  ལྷག་པར་ཁོང་རང་གི་ཤངས་ཁྲག་ལས་བཞེངས་པའི་སྐུ་དང་།  དེ་བཞིན་ལྷ་ལྡན་གཙུག་ལག་ཁང་གི་བརྐོས་དཀྲོལ་དང་ལྡེབས་རིས་སོགས་ལས་ཀྱང་བོད་ཀྱི་བྲིས་འབུར་གྱི་གཞི་རྐང་ཚུགས་པ་མངོན་པར་གསལ། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་།  མངའ་བདག་ཁྲི་རལ་བ་ཅན་གྱིས་ལི་ཡུལ་དང་ཏུན་ཧོང་སོགས་སུ་གཙུག་ལག་དང་རྟེན་བཞེངས་པ་ལས་འཕེལ་རྒྱས་ཆེས་ཆེར་ཕྱིན་ཡོད།  བསྟན་པ་ཕྱི་དར་གྱི་སྐབས་སུ་ཇོ་བོ་རྗེ་བོད་ཡུལ་ལ་ཞབས་ཀྱིས་བཅགས་ཤིང་།  རྒྱ་གར་དང་བལ་པོའི་ཡུལ་དུ་གྲགས་ཆེ་བའི་བྲིས་འབུར་གྱི་སྒྱུ་རྩལ་ཡང་བོད་ཡུལ་སྤྱན་དྲངས་ཏེ།  བཀའ་གདམས་པའི་ལུགས་ཞེས་པ་བྱུང་།   དེ་ནས་རིམ་གྱིས་རི་མོའི་སྐོར་ལ་སྤྲུལ་སྐུ་བྱིའུ་སྒང་པའི་ལུགས་དང་།  མཁྱེན་བརྩེ་ཆེན་མོའི་ལུགས།   སྨན་ལུགས།  ཀརྨ་སྒར་བྲིས་སོགས་དང་།  དེ་ནས་ཡང་མཁྱེན་གསར་དང་།  སྨན་གསར།  འབྲི་གོང་ལུགས། སྒར་བྲིས་གསར་མ་སོགས་ལུགས་མང་པོ་བྱུང་ཡོད།  སྐུ་བརྙན་འབུར་བརྐོས་སྐོར་ལའང་རྒྱ་གར་དང་།  བལ་བོ།  ཀསྨིར།  ལི་ཡུལ་སོགས་ཀྱི་བཟོ་རྩལ་གྱིས་ཤན་ཞུགས་པའི་བོད་བཙན་པོའི་དུས་ཀྱི་ཆོས་རྒྱལ་ལི་མའི་སྐུ་བརྙན་དང་།  ཡར་ཀླུང་གཙོས་ཡུལ་དབུས་སུ་དར་བའི་ཡར་ཀླུང་སྐུ་བརྙན།  རྒྱ་གར་དང་སྦལ་ཏི།  བྲུ་ཤ  ཀསྨིར།  བལ་བོ་སོགས་ཀྱིས་ཤན་ཞུགས་པའི་ནུབ་རྒྱུད་ཞང་ཞུང་སྐུ་བརྙན།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་སྐུ་བརྙན་སོགས་དང་།  དེ་བཞིན་རེབ་གོང་གཙོས་མདོ་སྨད་དུ་དར་བའི་སྐུ་བརྙན་དང།  སྡེ་དགེ་གཙོས་ཁམས་ཕྱོགས་སུ་དར་བའི་སྐུ་བརྙན་སོགས་ཡོད་ལ།  བོད་ཡུལ་དུ་དར་ཁྱབ་ཆེ་བའི་སྨན་འདམ་གྱི་སྐུ་བརྙན་དང་།  རྡོ་བརྐོས།  ཤིང་བརྐོས།  ཟངས་གསེར་སྐུ་བརྙན་དག་གིས་ཀྱང་ཤེས་པར་ནུས་ཏེ།  མཐོང་ན་མིག་དབང་འཕྲོག་ཅིང་།  བསམ་ན་བློ་ཡུལ་ལས་འགོངས་པ་ཤ་སྟག་ཡིན་པས།  སྒྱུ་རྩལ་ལ་མིག་དཀྱུས་ཡངས་པའི་སྐྱེ་བོ་སུ་ཞིག་གི་མཐོང་ཐོས་མྱོང་རེག་ཏུ་གྱུར་ཚེ་དད་པ་དང་དགའ་བའི་ཐལ་མོ་སྙིང་གར་མི་ཟུམ་པ་ནི་གཅིག་ཀྱང་མེད་དོ། །


        བོད་ཀྱི་འབུར་བརྐོས་སྒྱུ་རྩལ་ལ་ལོ་རྒྱུས་དུས་ཡུན་རིང་ཞིང་།  སྒྱུ་རྩལ་གྱི་སྣང་བརྙན་འབུར་དུ་དོད་ཅིང་།  དུས་ད་ལྟའང་མུ་མཐུད་ནས་རྒྱུད་འཛིན་དར་སྤེལ་བྱེད་པའི་སྒང་ཡིན།   དེ་ལས་ཁམས་སྡེ་དགེ་ནས་ཡིན་པའི་ལྷ་བཟོ་ཨ་ཆུང་གི་འབུར་བརྐོས་སྒྱུ་རྩལ་ལ་ཁྱད་ཆོས་ལྷག་པར་མངའ་ལ།  ལྷག་པར་ཁོས་སྔོན་བྱུང་མེས་པོའི་ཞལ་རྒྱུན་གྱི་ཐིག་རྩ་འདེབས་ལུགས་དང་ཆ་ཚད་བགོ་ལུགས་ཀྱིས་གཞིར་བཅས་ཐོག   ཁོ་རང་ཉིད་ཀྱི་གསར་གཏོད་ཀྱི་ཉམས་འགྱུར་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་གྱིས་བོད་ཀྱི་བཟོ་ལུགས་སྤྱིའི་འགྲོ་སྟངས་ཀྱི་རྒྱུན་མ་ཉམས་ཤིང་གསར་གཏོད་ཀྱི་ཆ་མ་ཤོར་བའི་སྟེང་ནས་སྐུ་བརྙན་བཟོ་ལུགས་གསར་པ་ཞིག་གི་ལམ་ལ་ཕྱོགས་པར་འབད་འབུངས་ལྷོད་མེད་བྱེད་བཞིན་ཡོད། 
         985ལོ་ནས་བཟུང་། ཁོང་བོད་ཀྱི་ཡུལ་གྲུ་མང་པོར་ཆས་ནས་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་སྡེ་དག་ཏུ་ལྷ་སྐུ་རྟེན་བཞེངས་ཀྱི་ལས་ལ་བརྩོན་ཞིང་མཐོ་བ་ལ་ཁང་བརྩེགས་ལྔ་ཅན་དང་ཆུང་བ་ལ་མཐོ་གང་ཅན་སོགས་བཞེངས་ནས་རང་ཉིད་ཀྱི་སྐུ་ངལ་ལ་མ་འཛེམས་པར་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་བཟོ་རིག་སྒྱུ་རྩལ་སྐོར་ཁྱབ་སྤེལ་བཏང་བ་རེད།  2000ལོར།  རྒྱ་ནག་ཁྲིན་ཏུའུ་རུ་ཕེབས་ནས་མུ་མཐུད་དུ་བཟོ་རིག་ཤེས་བྱ་གསར་པ་དང་ལག་རྩལ་གསར་པར་སློབ་སྦྱོང་དང་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་ཅིང་།  ཨ་མེ་རི་ཁ་དང་།  ཧྥ་རན་སི།  མ་ལེ་ཞི་ཡ།  སིང་ཀ་ཕོར་སོགས་ཕྱི་རྒྱལ་དུའང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐུ་རྟེན་བཞེངས་སྐྲུན་གྱི་སྒྱུ་རྩལ་ཁྱབ་སྤེལ་མཛད་ནས་བྱས་རྗེས་བླ་ན་མེད་པ་བཞག་ཡོད།

ཁོང་གི་ཕྱག་སོར་ལས་འཁྲུངས་པའི་རྒྱ་གར་རྡོ་རྗེ་གདན་གྱི་སྟོན་པ་དང་།  ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུར་དཔེ་བལྟས་ཀྱིས་བཞེངས་པའི་སྐུ་བརྙན་དག་གིས་དེང་གི་ཆར་དད་ལྡན་སྐྱེ་འགྲོ་གང་མང་གི་ཡིད་དབང་འཕྲོག་ཅིང་།  དེ་དག་ཁྱད་པར་འབྱེད་དཀའ་བར་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ནས་གཏོར་བཞིན་ཡོད། 


        མཚོན་བྱེད་རང་བཞིན་ལྡན་པའི་སྐུ་བརྙན་དེ་དག་གིས་གཙོ་བྱས་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་དང་།  ཇོ་བོའི་སྐུ།  རྡོ་རྗེ་སེམས་དཔའི་སྐུ།  སློབ་དཔོན་གྱི་སྐུ། བླ་སྐུ།  མཆོད་པའི་ལྷ་མོ། གེ་སར་རྒྱལ་པོ།  ཞི་ཁྲོ་བརྒྱ་རྩ།  རྒྱལ་སྲིད་སྣ་བདུན་སོགས། མདོར་ན་ལྷ་སྐུའི་སྐོར་དང་།  མཆོད་རྟེན་ཆ་བརྒྱད་ཀྱིས་གཙོ་བྱས་པའི་སྐུ་གདུང་མཆོད་རྟེན་གྱི་སྐོར།  མི་འཇིགས་སེང་གེས་བཏེགས་པའི་བཞུགས་ཁྲིའི་སྐོར།  མི་ནུབ་བསྟན་པའི་རྒྱལ་མཚན་དང་གསེར་འཁོར་དངུལ་འཁོར་སོགས་ཚོད་རྩིས་བྱས་ན་སྟོང་ཕྲག་ལས་བརྒལ་བ་བོད་ཡུལ་གྱི་དགོན་སྡེ་སོ་སོ་དང་།  འཛམ་གླིང་གི་ཡུལ་གྲུ་གཞན་དག་ཏུ་མཆོག་གསུམ་བསྟན་པའི་རྟེན་དུ་གྱུར་ཡོད། 

        སྤྱི་ལོ་2014ལོའི་ཟླ་4པར་ཀྲུང་གོའི་མི་རིགས་དམངས་ཁྲོད་བཟོ་རིག་མཛེས་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་བའི་སྐབས་དང་པོའི་ཀྲུང་གོའི་སྲོལ་རྒྱུན་ཆོས་ལུགས་འཇིམ་བརྙན་བཟོ་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་ལྷ་བཟོ་ཨ་ཆུང་གིས་རང་ཉིད་ཀྱི་སོར་རྩེ་ལས་འཁྲུངས་པའི་སྟོན་པ་ཤཱཀྱ་ཐུབ་པའི་འཇིམ་བརྙན་ལ་ཕུལ་བྱུང་གསེར་གྱི་རྟགས་མ་ཐོབ་ཅིང་། དེ་བསྟུན་ཀྲུང་གོའི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་བ་ཆེན་མོའི་མཚན་སྙན་དང་དཔང་ཡིག་བསྩལ། ཐེངས་འདིའི་འགྲན་ཞུགས་ལ་ཐའེ་ཝན་དང་།  ཞང་ཀང་།  ཐེན་ཅིན།  ཧོ་པེ།  སི་ཁྲོན།  བོད་ལྗོངས།  ཡུན་ནན།  ཀྲེ་ཅང་།  ཅང་སུའུ།  ཀུའེ་ཀྲོའུ།  ཅང་ཞི།  ཉིང་ཞ།  ཀན་སུའུ།  ཧྥུ་ཅན་བཅས་ཞིང་ཆེན་དང་ལྗོངས། དམིགས་བསལ་སྲིད་འཛིན་ཁུལ་སོགས་14ཡི་འགྲན་ཞུགས་པ་72ཀྱིས་མིང་རྟགས་བཀོད་ཅིང་།  དེའི་ཁྲོད་དུ་བོད་རིགས་དང་།  པའེ་རིགས།  ཀེ་ལའོ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་བཟོ་རིག་སྒྱུ་རྩལ་བའང་འདུས་ཡོད་ལ།  དེར་བོད་བརྒྱུད་ནང་བསྟན་དང་།  རྒྱ་བརྒྱུད་ནང་བསྟན།  ཏའོ་ལུགས།  རུའུ་ལུགས།  མཱ་ཙོ་སོགས་ཆོས་ལུགས་རིག་གནས་ཀྱིསབརྗོད་བྱ་བྱས་ཤིང་།  རང་རང་གི་སོར་མོའི་འདུ་འགོད་ཀྱི་སྒྱུ་རྩལ་གྱིས་ངོ་མཚར་རྨད་བྱུང་གི་བཟོ་རིག་པའི་ལྟད་མོ་ཅི་དགར་བཤམས་པ་དང་།  ཁོ་ནི་འགྲན་ཞུགས་ཁྲོད་ཀྱི་བོད་རིགས་གཅིག་པུ་ཡིན་ལ།  བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རིག་སྒྱུ་རྩལ་དེ་ངོ་མཚར་བ་ཞིག་དང་ཁྱད་དུ་འཕགས་པ་ཞིག་ཡིན་པའང་འཛམ་གླིང་མི་རིགས་གཞན་ལ་ངོ་སྤྲོད་འོས་སྦྱོར་ཐོབ་པ་བྱུང་བས། སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཐིང་གི་དབུ་འཛིན་གཞོན་པ་ཚེ་པོ་ལགས་སོགས་འགོ་ཁྲིད་དང་ཆེད་མཁས་པ་གང་མང་ཞིག་གིས་ཀྱང་གཟེངས་བསྟོད་དང་ཆེ་བརྗོད་གནང་ཡོད།


        ཁོང་གིས་བཞེངས་པའི་སྐུ་བརྙན་སྒྱུ་རྩལ་དེ་སི་ཁྲོན་ཞིང་ཆེན་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་ཚུད་ཅིང་།   སྡེ་དགེ་རྫོང་སྲིད་གཞུང་གིས་ཀྱང་མཐོང་ཆེན་བྱས་ཏེ་སྡེ་དགེ་རྫོང་གི་ཕུལ་བྱུང་མི་སྣར་འདེམས་ཐོན་བྱུང་ལ།  ཁོས་མི་རིགས་ལ་བཅངས་པའི་ལྷག་བསམ་གོང་དུ་བཀུར་སྟེ།  མུ་མཐུད་ནས་རྒྱུད་འཛིན་སློབ་བུ་གསོ་སྐྱོང་དང་།  བོད་ཀྱི་འབུར་བརྐོས་སྒྱུ་རྩལ་མི་ཉམས་གོང་སྤེལ་ལ་རང་ནུས་ཅི་ལྕོགས་ཀྱིས་ཕྱག་རྗེས་རེ་འཇོག་པར་འབད་འབུངས་བྱེད་བཞིན་མཆིས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1