གཏམ་པདྨའི་ཚལ་གྱི་ཟློས་གར་གྱི་བདེན་དགེ་མཛེས་གསུམ་གྱི་ཁྱད་ཆོས་ལ་རགས་ཙམ་དཔྱད་པ།

རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-26



        བརྩམས་ཆོས་འདི་ནི་གསེར་སྦྲང་དང་གཡུ་སྦྲང་གི་འཚོ་བའི་གོད་ཆགས་ཞིབ་འབྲི་དང་ཐ་མར་བློ་སྣ་ཆོས་ལ་བསྒྱུར་བའི་བརྒྱུད་རིམ་སྙན་མོ་ཚིག་ལ་བརྒྱུས་ནས་ཞིབ་འབྲི་བྱས་ཤིང་། བརྗོད་བྱའི་དོན་ཤུགས་བསྟན་གྱི་ཚུལ་གྱིས་བསྟན་པའི་བསྡུས་བརྗོད་བརྩམས་སྒྲུང་ཞིག་ཡིན། རྩོམ་འདི་མཛེས་དཔྱོད་རིག་པའི་ཁྱབ་ཁོངས་ཀྱི་ཁྱད་ཆོས་དྲུག་སྟེ་ལྷུན་སྡུག་དང་བརྗིད་ཉམས། ཁྱད་འཕགས། སྐྱོ་གར། སྤྲོ་གར་བཅས་ཀྱིས་མངོན་པར་ཕྱུག་པས་མཛེས་དཔྱོད་རིག་པའི་ཐད་ཀྱི་བདེན་དགེ་མཛེས་གསུམ་གྱི་ཆ་ནས་དཔྱད་པར་བྱ།
དང་པོ། བདེན་པ།
        གོང་དུ་བརྗོད་ཟིན་པ་བཞིན་བརྩམས་སྒྲུང་འདི་ནི་བོད་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་སྦྱར་ནས་བྲིས་པ་ཞིག་ཡིན་ལ་ལྷག་པར་དུ་ནང་བའི་གྲུབ་མཐའི་འདོད་ཚུལ་ཏེ་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་མི་རྟག་པ་ཡིན་ཕྱིར་འཆི་བའང་ནམ་ཡོང་ཆ་མེད་ཡིན་ལ། འདི་དག་ནི་བོད་མི་རིགས་ཀྱིས་ཡུན་རིང་གི་འཚོ་བའི་ཁྲོད་བདེན་ཞེན་གྱིས་ཁས་ལེན་པའམ་བློའི་གཏིང་ལ་གྲུབ་པའི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་འཁུམས་ཤིང་བརྩམས་སྒྲུང་འདི་ལས་ཀྱང་གསལ་པོར་མངོན་ཡོད་དེ། འཇིག་རྟེན་འཁོར་བའི་གནས་ལ་སྙིང་པོ་ཅི་ཡང་མེད་ཚུལ་བསྟན་པ་དེ་ནི་བདེན་དོན་ཞིག་ཏུ་ངེས་ཤིང་བོད་མིའི་འཚོ་བའི་ཁྲོད་རྟོགས་དགོས་པའི་བདེན་ལུགས་འགངས་ཆེན་ཞིག་ཡིན་པ་དང་དེ་དག་རྟོགས་པའི་ཡུལ་དེ་ནི་བོད་མིའི་སྣང་ངོར་མཛེས་པ་ཞིག་ཏུ་ངོས་འཛིན་བྱེད།
        དེ་བཞིན་དུ་འཇིག་ཉེན་གང་རུང་ཞིག་གི་གལ་ལ་ཐུག་དུས་སྐྱབས་ཀྱི་དམ་པ་ནི་བསླུ་མེད་དཀོན་མཆོག་གསུམ་ཡིན་པའང་བོད་མིའི་ཆོས་བྱེད་སྟངས་མ་ཟད་རྟག་གུས་ཀྱི་འཚོ་བ་དངོས་ལས་ཀྱང་མཐོང་ཐུབ་པ་སྟེ། དཔེར་ན་གློ་བུར་བའི་གལ་དང་འཕྲལ་ཚེ་ཁ་ནས་རང་དབང་མེད་པར་དཀོན་མཆོག་གསུམ་པོ་མཁྱེན་ཞེས་ཤོར་འགྲོ་པའོ། །དེ་བཞིན་བརྩམས་སྒྲུང་འདི་ལས་ཀྱང་གསེར་སྦྲང་དང་གཡུ་སྦྲང་པདྨའི་ཚལ་ན་འཕུར་ལྡིང་གི་གར་ལ་རྩེན་ཞིང་ཟེའུ་འབྲུ་གཞིབ་པའི་ལས་ལ་བྲེལ་བའི་དུས་གློ་བུར་དུ་ཉི་འོད་སྤྲིན་པས་བསྒྲིབས་ནས་པདྨའི་ཁ་ཟུམ་ཞིང་གཡུ་སྦྲང་པདྨའི་སྦུབས་སུ་ལུས་ནས་མཐར་ཚེ་སྲོག་ཤོར་བ་ནི་དུས་ཡུན་སྐད་ཅིག་ཙམ་གྱི་རིང་དེ་རྐྱེན་ངན་བར་ཆད་ནམ་ཡོང་ཆ་མེད་ཡིན་པ་མ་ཟད་ཁྱོ་ཤུག་གཉིས་ལྷན་འཛོམས་ཀྱི་བདེ་སྐྱིད་འཚོ་བའང་ཡོངས་སུ་བརླག་ནས་འཆི་བདག་གི་རྐྱེན་དུ་གྱུར་བ་ནི་དེ་ཉིད་ལས།……ད་ནངས་གསོན་པའི་ལུས་པོ་ལགས། །དོ་དགོང་རོ་ཞེས་འབོད་ལ་ལྟོས། །ཞེས་འཇིག་རྟེན་ཀྱི་སྐྱེ་རྒ་ན་འཆིའི་ཆོས་ཉིད་ལས་འདའ་བ་མེད་པའི་ཚུལ་བསྟན་པ་ཡིན་ཞིང་། དེ་ལས་ཀྱང་མཐའ་བཞི་སྟེ་འདུས་མཐའ་འབྲལ་བ་དང་མཐོ་མཐའ་ལྟུང་བ། བསགས་མཐའ་འཛད་པ། སྐྱེ་མཐའ་འཆི་བའི་དབང་དུ་མི་འགྲོ་བ་མེད་པའི་བོད་མི་རིགས་ཀྱི་རིག་གནས་ཀྱི་ལྟ་གྲུབ་མཚོན་ཡོད་ལ། ད་དུང་བརྩམས་སྒྲུང་འདིར་གཡུ་སྦྲང་ཤི་བའི་རྗེས་སུ་གསེར་སྦྲང་བྲམ་ཟེ་ཁྱེའུ་པདྨའི་དྲུང་དུ་ཕྱིན་ནས་ཆོས་ཞུས་པ་ལས་ཀྱང་བོད་མིའི་བློ་སྣ་ཆོས་ལ་ཕྱོགས་ཤིང་མཐར་ཐུག་གི་བློ་ཕུགས་ཆོས་ལ་གཏད་ཡོད་པ་དག་ནི་བདེན་པའི་མཐར་ཐུག་ཏུ་གྱུར་བའི་གནད་ཀྱི་དོན་པོ་སྟེ་མཛེས་པའི་ཡུལ་ཁྱད་འཕགས་ཤིག་ཏུ་གྲུབ་ངེས་ལ། མཛེས་པའི་འཆར་ངོས་ཀྱི་ཤུགས་ལ་སྦས་བའི་ཚུལ་གྱིས་གནས་ཡོད་པའི་སྤྱི་མཚན་པ་དེ་ཡིན་ནོ། །
གཉིས་པ། དགེ་བ།
        དགེ་བ་ནི་འགྲོ་བ་མི་ལ་ཕན་པའམ་དགོས་མཁོ་ལྡན་པའི་ཁེ་ཕན་རིན་ཐང་ཞིག་ལ་གོ་དགོས་པ་དང་། དེ་ནི་མི་ཆོས་ཀུན་སྤྱོད་ཁོ་ནར་མ་ཟད་སྤྱི་ཚོགས་ཀྱི་བྱ་དངོས་སོགས་ལའང་གོ་དགོས་པས་བོད་རང་གི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ལས་དགེ་བ་སྒྲུབ་པའི་ལག་ལེན་གྱི་བྱེད་སྒོ་མ་གཏོགས་ད་དུང་བྱ་དངོས་གང་ཡང་རུང་བ་ཞིག་ལ་བཟུང་བའི་རྣམ་འགྱུར་ལའང་མཛེས་པའི་ཆ་མང་པོ་ཞིག་ཡོད་པ་ཡིན་ཏེ། བྱིས་པའི་ཁྱིམ་ཚང་གི་སློབ་གསོ་ནས་བཟུང་སྟེ་དགེ་སྡིག་གི་རྣམ་གཞག་གསལ་པོར་བཤད་ནས་ཡ་རབས་དང་གཞུང་དྲང་སེམས་རྒྱུད་དཀར་བ་དང་ལས་ལ་བརྩོན་པའི་མི་ཞིག་ཏུ་འགྱུར་བར་སྐུལ་མ་བྱེད་པ་དང་། དེ་བཞིན་དུ་བོད་མི་སུ་ཡིན་རུང་རྒྱུན་ལྡན་འཚོ་བའི་ཁྲོད་དཀའ་ངལ་གང་རུང་ཞིག་ལ་འཕྲད་ནའང་གདོང་བ་འཛུམ་གྱིས་ཁེངས་ནས་སྤྲོ་སྣང་གིས་དཀའ་ངལ་ལ་གདོང་གཏོད་པའི་བློ་སྤོབས་ཆེ་ཆེར་བསྐྱེད་པ་དང་ནམ་ཡང་གཞན་དག་བདེ་བར་འདོད་པའི་བློ་ཞིག་རྒྱུད་ལ་ལུས་དང་གྲིབ་མ་བཞིན་དུ་གནས་པ་དེ་ནི་སྐབས་ཐོག་དེའི་མི་རྣམས་ཀྱི་ཁྱད་གཤིས་རེད། དེ་དག་བརྩམས་སྒྲུང་འདིའི་རྗོད་བྱའི་ཚིག་ངོས་ནས་ཀྱང་གསལ་བོར་མངོན་པ་ནི་སྦྲང་ཆུང་གཉིས་ཀྱི་གཤིས་ཀ་ཞིབ་འབྲི་བྱས་པ་ལས། “གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་ཡིན་ནོ། །གཡུ་སྦྲང་ཡང་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་ཡིན་ནོ། །ཞེས་དགེ་བའི་ལས་སྒྲུབ་པ་གཤིས་སུ་གྲུབ་ཡོད།


        གཞན་ཡང་བརྩམས་སྒྲུང་འདིའི་ཐུན་མོང་གི་དགེ་བའི་ཆ་ཞིག་ནི་མི་རྣམས་ཀྱི་བློ་ཁ་ཆོས་ལ་ཕྱོགས་པར་བསྐུལ་ནས་འཇིག་རྟེན་གྱི་སྐྱིད་སྡུག་གང་ཞིག་དང་ཉེ་བར་འཕྲད་ཚེ་སངས་རྒྱས་དང་དེའི་བསྟན་པ་སྐྱབས་སུ་འཛིན་དགོས་པར་དགོངས་པ་དེ་ཡིན་ལ། དེར་བརྩམས་སྒྲུང་འདིར་གསེར་སྦྲང་དང་གཡུ་སྦྲང་གཉིས་དྲང་སྲོང་དོན་ཀུན་གྲུབ་པའི་དྲུང་དུ་ཕྱིན་ནས་དཀར་པོའི་ལམ་ཞིག་སྟོན་པའི་ཆོས་ཞུས་པ། གུས་པའི་ཚིག་གིས་བཏུད། སྦྲང་རྩིའི་རོ་མངར་མཆོད། སྙན་པའི་གཏམ་གྱིས་མདུན་བསུས་ནས་གསོལ་བ་བཏབ་པ། ཀྱེ་ཀྱེ་ལྷའི་དྲང་སྲོང་ཆེན་པོ། ཁྱེད་ནི་སྟོན་པའི་རྒྱལ་ཚབ་ལགས་པས། སྟོན་པའི་བཀའ་དང་འདྲ་བའི་ཆོས་ཤིག་གསུང་དུ་གསོལ། བསྟན་པའི་སྒྲོན་མེ་ལགས་པས་ཉམས་ལེན་གནད་ཀྱི་ཆོས་ཤིག་གསུང་དུ་གསོལ། འཕགས་པའི་དགེ་འདུན་ལགས་པས་རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ཞིག་བསྟན་དུ་གསོལ། བདག་ཀྱང་དམ་པ་ཁྱེད་ཀྱི་རྗེས་སུ་སློབ་པར་འཚལ་ལོ། ཞེས་གསོལ་བ་བཏབ་པ་སོགས་ཀྱིས་ཀྱང་དགེ་བའི་ཕྱོགས་ལ་འབུངས་བཞིན་པ་གསལ་བོར་མཚོན་པ་དང་། བྲམ་ཟེ་ཁྱེའུ་པདྨས་གསེར་སྦྲང་ལ་ཚེ་འདི་ཕྱིའི་ལས་དགེ་སྡིག་གི་རྒྱུ་འབྲས་གསལ་པོར་གསུངས་ནས་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་ཞིག་བསྟན་པ་ནི་སྟོན་མཁན་གྱི་ངོས་ནས་དགེ་བའི་ཕྱོགས་ལ་འབད་པའི་དགེ་བའོ། །
གསུམ་པ། མཛེས་པ།
        སྤྱིར་མཛེས་དཔྱོད་རིག་པའི་ཞིབ་འཇུག་གི་བྱེད་སྟངས་ལ་བདེན་དགེ་མཛེས་གསུམ་དུ་དབྱེ་ཞིང་དེ་དག་རེ་རེའང་མཛེས་པའི་རྨང་གཞི་ལྟ་བུ་ཡིན་པ་དང་འདིར་བརྗོད་ཀྱི་མཛེས་པ་ནི་བདེན་པ་དང་དགེ་བ་གཉིས་དང་མི་འདྲ་བར་རང་མཚན་པ་ཞིག་ཡིན་ཏེ། བྱེ་བྲག་གི་བྱ་དངོས་ཞིག་གི་རང་བཞིན་ནམ་ཞིབ་འབྲི་གང་རུང་གི་གནས་སྐབས་རེ་རེའི་མཛེས་པ་དེ་ལ་ངོས་འཛིན་ཆོག་ལ། འདིར་གཙོ་བོ་བྱེ་བྲག་གི་རྩོམ་པ་པོས་བརྩམས་སྒྲུང་འདིའི་ནང་གི་ཡུལ་ལྗོངས་སོགས་ཀྱི་ཞིབ་འབྲི་བྱེད་སྟངས་དང་སྣང་བརྙན་སྐོར་ཞིག་བཞེངས་སྐྲུན་བྱས་པར་ཐུན་མོང་མ་ཡིན་པའི་མཛེས་པའི་ཆ་འབུར་དུ་ཐོན་ཡོད་པ་དག་ཅུང་ཟད་གླེང་ན།
ཐོག་མར་བརྩམས་སྒྲུང་འདིའི་མགོ་གླེང་དུས་ཡུལ་གྱི་ཕྱོགས་སྤྱིར་བསྟན་པའི་ཡུལ་ལྗོངས་ཞིབ་འབྲི་བྱས་ནས་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་གྱི་བཀོད་པ་ཞིག་ཀློག་མཁན་གྱི་སེམས་ལ་འཆར་དུ་བཅུག་པ་དེས་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་དང་། དེར་མཐུད་ནས་པད་མ་རྒྱས་པའི་ཚལ་ཏེ། ཁེངས་པའི་པདྨ་རྣམས་སྡོང་བུ་རིང་བ། རྒྱས་པའི་པདྨ་རྣམས་འདབ་མ་ཡངས་པ། སྨིན་པའི་པདྨ་རྣམས་ཟིལ་མངར་མང་བ། བཀོད་པའི་པད་མ་རྣམས་ལོ་མ་ཆེ་བ། མ་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ། ཟུམ་པའི་པདྨ་རྣམས་ཐལ་མོ་སྦྱར་བ། གོད་པའི་པདྨ་རྣམས་གེ་སར་བྲལ་བ་ལ་སོགས་དང་སྦྲང་ཆུང་གཉིས་ཀྱི་བྱ་བྱེད་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཚིག་སྦྱོར་ཁ་འགྲིག་སོ་འགྲིག་སྐོར་ཞིག་གིས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད་པ་ནི་རྩོམ་པ་པོའི་ཁྱད་དུ་འཕགས་པའི་རྩོམ་རྩལ་ཞིག་ཡིན་ལ། རྩོམ་རྩལ་དེ་ནི་རྩོམ་ཡིག་ཧྲིལ་པོའི་མཛེས་པའི་ཁྱད་ཆོས་ཤིག་ཀྱང་རེད།
བརྩམས་སྒྲུང་འདིའི་མཛེས་པའི་ཆ་གཞན་ཞིག་ནི་མི་སེམས་འགུག་པའི་ཡུལ་ལྗོངས་དང་ཁོར་ཡུག་སོགས་ཞིབ་འབྲི་ཁོ་ན་ཙམ་མ་ཡིན་པར་རབ་རྟོག་གི་ཆ་སྤྱད་ནས་གསེར་སྦྲང་གཡུ་སྦྲང་གཉིས་ལ་མིའི་འཚོ་བའི་ཁྱད་ཆོས་སྦྱར་ནས་བྲིས་པ་དེ་ཡིན་ཞིང་། བྱེ་བྲག་ཏུ་སྦྲང་ཆུང་གཉིས་བར་གྱི་བརྩེ་བ་ཟབ་མོ་བྲིས་པ་ནི། དེ་གཉིས་ཕན་ཚུན་ཡིད་ཤིན་ཏུ་གཅུགས་པའི་ཚུལ་གྱིས་འཛུམ་པའི་བཞིན་དང་། བརྩེ་བའི་ངག་དང་། མཐུན་པའི་སྤྱོད་ལམ་གྱིས་འགྲོགས་ཤིང་། ཕན་ཚུན་ཡིད་ཀྱི་ཞེ་འདོད་ཀྱང་གསང་གཏམ་དུ་སྨྲ་བ། ཞེས་བཀོད་པ་ལ་སོགས་ཏེ་རྣམ་ཀུན་འཚོ་བའི་ཁྲོད་དུ་འཆམ་མཐུན་དང་ཞེ་མཐུན་པའི་ཚུལ་བཀོད་པ་ནི་འཇིག་རྟེན་ཕོ་མོ་སུ་དང་སུ་ཡིན་རུང་དེ་ལྟའི་བརྩེ་བ་ལྷད་མེད་དང་དུངས་བ་རྣམ་དག་ལ་སེམས་བསམ་པའི་སྟེང་ནས་སྨོན་པ་སྐྱེས་བ་ཞིག་རེད་དེ། དམིགས་པའི་གཏད་སོ་གཅིག་པ་དང་། ཁ་ཞེ་གཉིས་མེད་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་སེམས་ཁུར་བྱ་བའི་སེམས་ཁམས་དང་བྱ་བྱེད་ལས་སྦྲང་ཆུང་གཉིས་ཀྱི་བརྩེ་འདང་ཟབ་མོའི་མཛེས་པ་དེ་མངོན་པར་མཚོན་འདུག་གོ ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1