སྐབས་དང་པོའི་ཁྱོན་ཡོངས་ནས་གསར་སྐྲུན་བཅོས་སྒྱུར་བྱེད་པའི་ཚོད་ལྟ་ལས་ཀའི་མཐོ་རིམ་གྲོས་ཚོགས་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-31


    སྤྱི་ཟླ་10པའི་ཚེས་30ཉིན། སྐབས་དང་པོའི་ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་བྱེད་པའི་ཚོད་ལྟའི་མཐོ་རིམ་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས། པེ་ཅིང་དང་ཐེན་ཅིང་། ཧུ་པའེ། ཧྲང་ཧེ། ཀོང་ཏུང་། ཨན་ཧའེ། སི་ཁྲོན། ཝུའུ་ཧན། ཞི་ཨན། ཧྲིན་དབྱང་བཅས་ཚོད་ལྟའི་ས་ཁུལ་བརྒྱད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་མི་སྣ་རྣམས་མཉམ་གཅིག་ཏུ་ཁྲེན་ཏུའུ་རུ་འཛོམས་ནས། ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་འཐབ་ཇུས་ལ་གྲོས་མོལ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ཐོག་ཏུ་བཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཤིས་ཚིག་ཕུལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིན་ཉན་ཞིའུ་དང་ཚན་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་མེན་གྱིས་གཏམ་བཤད་གནང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགན་འཛིན་པ་གཞོན་པ་ཡིན་ཡོང་གིས་གཏམ་བཤད་གནང་། ཀྲུང་དབྱང་ནོར་སྲིད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཝེ་རྨིན་སོགས་ཀྱིས་ཆེད་དོན་འཆད་ཁྲིད་གནང་།
    ཚོད་ལྟའི་ཁྱབ་ཁོངས་བརྒྱད་ཀྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པར་སྐུལ་འདེད་གཏང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་སྐྲུན་མཉམ་འགུལ་བྱེད་པ་ཡིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་གསར་སྐྲུན་བྱེད་པའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་བའི་ཐད་དུ་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་གནང་བ་རེད། ན་ནིང་ལོའི་ཟླ་བརྒྱད་པར་རྒྱལ་ཁབ་ཀྱིས་ས་ཁུལ་བརྒྱད་ཀྱི་ཁྱབ་ཁོངས་སུ་ཁྱོན་ཡོངས་ནས་བཅོས་བསྒྱུར་ཚོད་ལྟ་བྱེད་པའི་ཐག་གཅོད་གནང་། ལོ་ངོ་གཅིག་གི་རིང་དུ། ཚོད་ལྟའི་བྱ་བ་དེ་ས་ཆ་སོ་སོར་འགོ་ལེགས་པོ་ཤིག་བརྩམས་པར་མ་ཟད། གྲུབ་འབྲས་ཀྱང་མི་དམན་པ་ཐོབ།ཐེངས་འདིར་ཁྱོན་ཡོངས་ནས་གསར་སྐྲུན་བཅོས་བསྒྱུར་བྱེད་པའི་མཐོ་རིམ་གྲོས་ཚོགས་ཀྱིས་གསར་སྐྲུན་དང་བཅོས་བསྒྱུར་བྱེད་པ་གཉིས་བརྗོད་བྱ་གཙོ་བོ་བྱས་པ་དང་། ལས་རིགས་ནང་ཁུལ་གྱི་འགོ་ཁྲིད་པ་དང་ཆེད་མཁས་པ། ཁེ་ལས་བ་རྣམས་གཅིག་ཏུ་འདུས་ནས། བགྲོ་གླེང་ཚོད་ལྟའི་ས་ཚིགས་ཀྱི་མཉམ་མྱོང་ཕྱོགས་བསྡོམས་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟ་ལ་གྲུབ་འབྲས་གསར་པ་ཞིག་ལེན་པར་སྐུལ་འདེད་གཏང་རྒྱུ་རེད། 
      ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་མངག་བཅོལ་ལྟར། ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་བཞུགས་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གསར་སྐྲུན་བྱེད་པའི་ཚོད་ལྟ་ལ་སྐུལ་འདེད་གཏོང་བ་ནི། གསར་སྐྲུན་བྱེད་པ་ཡིས་འཕེལ་རྒྱས་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྒྱུན་རྣམ་གསར་པའི་འོག་གི་བྱེད་ཐབས་གལ་ཆེན་ཤིག་ཡིན་ལ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དང་ལམ་ལུགས་ནང་རྐྱེན་གྱི་བཀག་རྐྱེན་མེད་པར་གཏོང་བའི་ལས་འགན་གལ་ཆེན་ཤིག་ཡིན་པ་རེད། ཚོད་ལྟའི་ས་ཁུལ་ཞིག་ཡིན་པས་ཆ་ནས། ངེས་པར་དུ་འགན་འཁྲི་འཁུར་ཕོད་པ་དང་འཚོལ་ཞིབ་བྱེད་ཐུབ་པར་བྱས་ཏེ།མུ་མཐུད་དུ་གསར་སྐྲུན་དང་གཏོར་བརྒལ་བྱས་ནས། ཧུར་ཐག་གིས་ཀྲུང་དབྱང་གི་དགོངས་དོན་དང་ས་ཁུལ་གྱི་དོན་དངོས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་དང་འཚམ་པའི་ཐབས་ལམ་འཚོལ་དགོས་ཞེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1