ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་བདུན་ཅུ་འཁོར་བའི་རྒྱལ་སྤྱིའི་རྗེས་དྲན་མཛད་སྒོ་དེ་ཧྥ་རན་སི་ནས་གཟབ་རྒྱས་ངང་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


 
ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་70འགོར་བའི་རྒྱལ་སྤྱིའི་རྗེས་དྲན་མཛད་སྒོ་དེ་ཚེས་6ཉིན་ཧྥ་རན་སིའི་ནུབ་བྱང་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་ཝུའུ་དབྱེ་སི་ཐི་ལེ་ཨང་གི་རལ་གྲིའི་མཚོ་ཁུགས་ནས་གཟབ་རྒྱས་ངང་སྤེལ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་། དབྱིན་ཇིའི་རྒྱལ་མོ་དབྱེ་ལེ་ཧྲ་པེ་སྐུ་ཕྲེང་གཉིས་པ་སོགས་རྒྱལ་ཁབ་20ལྷག་གི་རྒྱལ་ཁབ་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ་མཛད་སྒོར་ཞུགས།
ལོ་ངོ་70སྔ་རོལ་དབྱིན་ཇིའི་དམག་དཔུང་ནོའུ་མན་ཏིས་སྐམ་སར་འབུད་སའི་གནས་གཙོ་བོ་ཝུའུ་དབྱེ་སི་ཐི་ལེ་ཨང་གི་རལ་གྲིའི་མཚོ་ཁུགས་སུ་གཙོ་སྒྲུབ་ཕྱོགས་ཀྱིས་སྟེགས་བུ་ཆེན་པོ་ཞིག་ལས་ནས་རྒྱལ་ཁབ་སོ་སོའི་སྐུ་མགྲོན་སྣེ་ལེན་བྱེད་བཞིན་ཡོད་པ་དང་། གམ་དུ་བརྙན་རིས་ཆེན་པོ་ཞིག་བསླངས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་མཚོན་པའི་དངོས་མཚོན་གློག་བརྙན་གཏོང་བཞིན་ཡོད་ལ། རྒྱལ་ཁབ་20ལྷག་གི་མགོ་གཙོ་དང་ནོའུ་མན་ཏིས་འཐབ་འཁྲུག་ལ་ཞུགས་མྱོང་བའི་དམག་མི་རྒན་པ་1800་ལྷག་གིས་ཡུལ་དངོས་ནས་འདས་སོང་གི་ལོ་རྒྱུས་དེར་ཕྱིར་དྲན་བྱས།
ཨོ་ལིང་ཏི་ཡིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ནོའུ་མན་ཏིས་འཐབ་འཁྲུག་ལ་ཞུགས་ནས་ཧྥ་རན་སི་དང་ཡོ་རོབ་གླིང་བཅིངས་འགྲོལ་བྱས་པའི་མནའ་འབྲེལ་དམག་དཔུང་གི་དམག་མིར་གུས་སེམས་བསྟན་པ་དང་། ཨུ་རུ་སི་དམག་དཔུང་དང་མི་དམངས་ཀྱིས་འཇར་མན་གྱི་ཧྥ་ཞི་སིའི་དམག་དཔུང་ལ་འགོག་རྒོལ་བྱེད་ཆེད་རང་སྲོག་བློས་བཏང་བའི་དཔའ་སྤོབས་ལ་བཀའ་དྲིན་ཞུས། དེའི་རྗེས་སུ་འཁྲབ་སྟོན་མི་སྣ་750ཡིས་འཁྲབ་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་མཚོན་པའི་ཞབས་བྲོ་འཁྲབ་སྟོན་བྱས།
ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་70འགོར་བའི་རྒྱལ་སྤྱིའི་རྗེས་དྲན་བྱ་འགུལ་དེས་ཐེངས་འདིར་བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པར་གྲོས་མོལ་བྱེད་པའི་གོ་སྐབས་བསྐྲུན། དེང་སྐབས་ཡུག་རེན་གྱི་ཉམས་ཉེན་ལས་བྱུང་བའི་ཨུ་རུ་སི་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་ཛ་དྲག་གི་འབྲེལ་བར་དམིགས་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གི་འགུལ་སྐྱོད་ལ་ཀུན་གྱིས་ལྷག་ཏུ་དོ་ཁུར་བྱེད་བཞིན་ཡོད། ཕུའུ་ཅིང་ཧྥ་རན་སི་རུ་འབྱོར་རྗེས། ཨོ་ལིང་ཏི་དང་ཨོ་པཱ་མཱ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཡུག་རེན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་སོགས་ལ་ཐུག་འཕྲད་དང་གྲོས་མོལ་བྱས། དེ་ནི་ཡུག་རེན་གྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་བའི་ཚུན་ལ། ཕུའུ་ཅིང་དང་ནུབ་ཕྱོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཐོག་དང་པོར་ཐུག་འཕྲད་བྱས་པ་རེད།
གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཨོ་ལིང་ཏི་ཡིས་ཐེངས་འདིའི་ནོའུ་མན་ཏིས་སྐམ་སར་བུད་པའི་རྗེས་དྲན་བྱ་འགུལ་བེད་སྤྱད་དེ། ཨུ་རུ་སི་དང་ནུབ་ཕྱོགས་རྒྱལ་ཁབ། ཡུག་རེན་བཅས་ཀྱིས་གྲོས་མོལ་བྱས་ཏེ་ཡུག་རེན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་འདོད་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1