༄༅།། ཨ་མ་དང་ལྗང་བུ།

དགའ་བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-02



ཉི་འོད་ཀྱི་ཚ་རླབས་འཕྱུར་བའི་ཞིང་ཁ་ན

ཨ་མས་ཡུར་མ་ཡུར་བཞིན་ཡོད།


ཞིང་ཁ་གྲུ་བཞི་ན་ཉི་འོད་ཀྱི་མེ་ལྕེ་འབར།
ལྗང་བུ་རེ་རེ། ཉི་ཐིགས་རེ་རེ།
ཨ་མས་སེམས་ཀྱི་དྲོད་ས་རུ་ཉར་བཞིན།

གདོང་ན་འཛུམས་མདངས་དང་ཡིད་ཆེས་ཀྱིས་བརྟས།


དེ་རིང་གནའ་བོའི་གཏམ་རྒྱུད་དག་དྲན་ཡོང་།
ངེད་མིང་སྲིང་བརྒྱད་པོའི་གོམ་འགྲོས་དྲན་ཡོང་།
ཀྱག་ཀྱོག་གི་ལམ་ཕྲན་ཁྲོད་ཀྱི་ཆར་རླུང་དྲན་ཡོང་།
འདི་ལྟར། ཨ་མས་སེམས་ཚེགས་དང་གཟབ་ནན་ངང་།
མྱུ་གུ་རེ་རེ་མིག་གིས་འཚོས་ནས། སྙིང་ལ་སྒོམ་ནས།

ལོ་རྒན་བརྒྱད་ཅུའི་སྒོ་ཐེམ་བརྒལ་ཡོང་།


ལོ་རྒན་བརྒྱད་ཅུའི་རྒས་གཉེར་གྱི་ལག་ཟུང་དང་མིག་ཟུང་།
ཉིན་གུང་གི་ཚ་གདུག་ཁྲོད་ན་ཀེམ་ཀེམ་དུ་འགུལ།
སྐབས་འགར། ལག་པས་མིག་ཟུང་གི་མཆི་མ་འཕྱི་བཞིན་འདུག
བསིལ་རླུང་གི་རྒྱུ་བ་འཇགས་ལ།
སྤྲིན་དཀར་གྱི་འདུར་རྒྱུག་བྲལ་བའི་ཞིང་ཁ་ན།
ཨ་མ་ལྗང་བུ་དང་ཚ་གདུག་གིས་ཟ་བཞིན་ཡོད་ཨཱ།


དེ་རིང་ཨ་མས་ཞིང་ཁ་ན་ཡུར་མ་ཡུར་བཞིན་ཡོད།

ང་དེ་རིང་ཨ་མའི་འགྲམ་ན་ཡོད།
མིང་སྲིང་ཚོས་ཐག་རིང་ནས་ཨ་མར་ཁ་པར་མ་གཏོང་རོགས།
ཨ་མས་ང་རང་དགར་བསྡད་ཡོད་གསུང་ངེས།


ཉི་འོད་ཀྱི་ཚ་རླབས་འཕྱུར་བའི་ཞིང་ཁ་ན།

འཛུམ་མདངས་དང་ཡིད་ཆེས་རྒོད་པའི་ངོ་གདོང་ན།
ཨ་མས་སྔར་ལྟར་མགོ་བོ་སྒུར་ནས་ཡུར་མ་ཡུར་བཞིན་ཡོད། 


རྩོམ་ཡིག་སྔོན་མ།
༄༅།། ཕ་ཡུལ་གྱི་འབྲོག་ཕྲུག
རྩོམ་ཡིག་རྗེས་མ།
༄༅།། གྱང་མཁར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1