དབྱི་ལི་ཡིས་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་འགོ་ཁྲིད་ཚོ་ཆུང་གི་2016ལོའི་ལས་ཀའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།

ཡེ་མིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 11-03


        སྤྱི་ཟླ10པའི་ཚེས22ཉིན། སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་འགོ་ཁྲིད་ཚོ་ཆུང་གི་2016ལོའི་ལས་ཀའི་ཚོགས་འདུ་དེ་ཁྲེང་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་རྒྱ་སྨན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
        ཚོགས་འདུའི་ཐོག་སེར་ཤུལ་རྫོང་དང་དཀར་མཛེས་ཁུལ་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟའི་ལས་ཀ་འཕེལ་རིམ་གྱི་གནས་ཚུལ་སྙན་སེང་ཞུས་པར་གསན་ཞིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ལས་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཆུ་བེད་པུའུ་སོགས་འགོ་ཁྲིད་ཚོང་ཆུང་གི་གྲུབ་མི་སྡེ་ཚན་དང་ཞིང་ཆེན་ཐུམ་འབུའི་ནད་འགོག་བཅོས་གཞུང་ལས་ཁང་བཅས་ཀྱིས་བསམ་འཆར་བརྗེ་རེས་ཀྱི་གཏམ་བཤད་གནང་། 
        དབྱི་ལི་ཡིས་ནན་གསུང་གནང་དོན། སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུའི་ལས་ཀ་ནི་ཡུན་རིང་ལ་དཀའ་ཚེགས་ཆེ་བ་དང་། རྙོག་འཛིང་ཆེ་བའི་ལས་འགན་ཞིག་ཡིན་པར་བརྟེན། སྔར་ལྷག་གིས་ངོས་འཛིན་ཟབ་མོ་བྱས་ནས་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ལས་འགན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ནད་པར་སྨན་བཅོས་དང་སྒོ་ཁྱི་དོ་དམ། བདེ་ཐང་སློབ་གསོ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཆེན་པོ་བཞིའི་གཙོ་གནད་ལས་ཀ་དང་འགག་རྩ་ཐུག་ས་དེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་སྲ་བརྟན་བྱས་ནས་དཔེ་ལྟ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།  ཞིང་ཆེན་ཐུམ་འབུའི་ནད་འགོག་བཅོས་བྱེད་མཁན་གཞུང་ལས་ཁང་གིས་གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲོད་བསྟེན་དང་ཞིང་ལས། འཕེལ་རྒྱས་བཅོས་བསྒྱུར། སློབ་གསོ་སོགས་སྡེ་ཁག་གིས་རང་འགན་རང་སྒྲུབ་དང་རང་འགན་རང་ཁུར་བྱ་དགོས། དཀར་མཛེས་ཁུལ་དང་སེར་ཤུལ་རྫོང་གིས་ཏན་ཏིག་གིས་གཙོ་བོའི་འགན་འཁྲི་སྒྲུབ་འགན་འཁུར་ནས་ཤུགས་མཉམ་འདོན་བྱས་ཏེ་ལས་ཀ་སོ་སོ་དོན་འཁྱོལ་བྱས་པར་བརྟེན།  སེམས་ཐག་གཙང་བཅད་ཀྱིས་འགག་སྒྲོལ་འདིར་ཕུ་ཐག་ཆོད་པའི་རྒྱལ་ཁ་ཐོབ་པ་བྱ་དགོས།                 
        དབྱི་ལི་ཡིས་ནན་གསུང་གནང་དོན། སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་དང་དབུལ་ཐར་འགག་སྒྲོལ་ལས་ཀ་གཉིས་ལ་སྐུལ་སྤེལ་མཉམ་གཏོང་བྱས་ཏེ་ཁྱོན་ཡོངས་ནས་དཀའ་ངལ་ཡོད་པའི་ཐུམ་འབུའི་ནད་ཕོག་པའི་ནད་པར་སྨན་བཅོས་རོགས་སྐྱོར་བྱ་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁོངས་སུ་འཇོག་དགོས། ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས་གཏང་རྒྱུ་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་གཅིག་གྱུར་འཆར་འགོད་བྱས་པར་བརྟེན། ཕྱོགས་མང་པོའི་ཐད་གྲུབ་འབྲས་ཐོབ་གང་ཐུབ་བྱས་ཏེ་བོད་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་དེ་བས་ཡག་པོ་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1