༄༅།། གླིང་སྒྲུང་རྒྱུད་འཛིན་པ་འཆི་མེད་རབ་བརྟན།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས། སྤེལ་དུས། 11-04


        ན་གཞོན་སྒྲུང་མཁན་འཆི་མེད་རབ་བརྟན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་སྟོད་ཚེ་ཞང་ཉ་ཆགས་སྡེ་བའི་མི་ཡིན། ཆུང་དུས་ནས་ཕྱུགས་འཚོ་རྒྱུ་མ་གཏོགས་སློབ་གྲྭར་ཉིན་གཅིག་ལའང་འགྲོ་མ་མྱོང། ཁོ་རང་ཆུང་དུས་ནས་གེ་སར་སྒྲུང་ལ་ཧ་ཅང་དགའ་ཞིང་གེ་སར་རྒྱལ་པོར་དད་འདུན་ཤིན་ཏུ་ཆེ། ཁོ་རང་ལོ་བཅུ་དྲུག་གི་སྟེང་ནས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དངོས་སུ་བབས་ནས་བཤད་འགོ་བརྩམས་པ་རེད། ཁོ་རང་གིས་བཤད་པ་ལྟར་ན། ད་ལྟ་གདུང་རབས་སྲིད་པའི་ཆགས་གླིང་ནས་གླིང་ཡུལ་རྫོགས་པ་ཆེན་པོའི་བར་ལ་སྒྲུང་སྣ་སུམ་རྒྱ་ལྷག་བཤད་ཤེས་པ་དང་། དམངས་ཁྲོད་ཀྱི་གླུ་དང་ལ་གཞས། གཏམ་དཔེ། གབ་ཚིག རི་ཆུའི་ལོ་རྒྱུས་སོགས་མང་པོ་བཤད་ཤེས། ཁོ་རང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྒྲུང་པ་ངོས་འཛིན་གྱི་དཔང་ཡིག་མང་པོ་གནང་མྱོང་བ་དང། ཞིང་ཆེན་རིམ་པའི་ཁམས་པའི་ལ་གཞས་ཀྱི་རྒྱུད་འཛིན་པའི་མི་སྣར་བདམས་ཡོད། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པ་མདོ་དབུས་ཁམས་གསུམ་གྱི་དམངས་གླུ་འགྲན་བསྡུར་ཐོག་ཨང་གསུམ་པའི་བྱ་དགའ་ཐོབ། སྒྲུང་ཁག་གསུམ་བརྙན་ལ་ཕབ་པ་དང་སྒྲུང་ཁག་ལྔ་ཟིན་བྲིས་བཀོད་ཡོད།  «འབྲུག་མོའི་རྣམ་ཐར་»ཞེས་པའི་སྒྲུང་དཔེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། རྒྱལ་ཡོངས་གེ་སར་སྒྲུང་བཤད་ཚོགས་འདུ་སྟེང་དུ་སྐད་གྲགས་ཅན་གྱི་ན་གཞོན་སྒྲུང་པ་ཞེས་པའི་མཚན་སྙན་ཐོབ་མྱོང། ད་ལྟ་འབྲི་སྟོད་རྫོང་རིག་གནས་ཅུའུ་སྒ་སྐྱ་ལོའི་གླིང་སྒྲུང་ཞིབ་འཇུག་ལྟེ་གནས་ནས་ཕྱག་ལས་གནང་བཞིན་ཡོད་པ་དང་།  སྒྲུང་མཁན་གཞན་དང་མི་འདྲ་པའི་གཅན་གཟན་རི་དྭགས་ཀྱི་རྫོང་ཕབ་པའི་སྐོར་གྱི་སྒྲུང་ཁག་མང་པོ་ཡིག་ཐོག་ལ་ཕབ་འབྲི་བྱེད་བཞིན་ཡོད་པས་མི་འགྱངས་བར་པར་བསྐྲུན་བྱེད་རྒྱུ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1