ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་2016ལོའི་བོད་ཀྱི་རིག་གནས་དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-08


        ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་རིག་གནས་ཡར་སྐུལ་ཚོགས་པ་དང་བོད་རིག་པ་ཞིབ་འཇུག་སློབ་གླིང་གཉིས་ཀྱིས་མཉམ་དུ་གཉེར་བའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་2016ལོའི་བོད་ཀྱི་རིག་གནས་དུས་ཆེན་དེ་ཟླ་10ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10སྟེང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐོར་བྲོ་འཁྲབ་པའི་ཐང་ཆེན་དུ་སྤེལ་བ་རེད། 

        སློབ་གྲྭའི་ཕྱི་ནང་གི་བོད་རིགས་སློབ་མ་ཚོས་སྙན་འཇེབས་ངག་དང་སྒེག་ཉམས་བྲོ་ཡིས་ཐེངས་འདིའི་རིག་གནས་དུས་ཆེན་བསུས་ཤིང་། དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་སྟེང་དུ་ལྷ་མོ་ཟློས་གར་དང་རལ་པའི་ཞབས་བྲོ། དམངས་གླུ། རྒྱན་གོས་འགྲེམས་སྟོན་ལ་སོགས་པའི་སྲོལ་རྒྱུན་གྱི་འཁྲབ་སྟོན་ལེ་ཚན་ཡོད་པ་མ་ཟད། ཁྲོམ་བྲོ་དང་གཏམ་གླུ་སྤེལ་མ་ལྟ་བུའི་དེང་རབས་ཅན་གྱི་ལྟད་མོ་ཡང་ཡོད་པ་རེད། རིག་གནས་དུས་ཆེན་གྱི་ཚོགས་ར་ནི་རས་གུར་ཆུང་ཆུང་འགས་བསྐོར་ཡོད་ཅིང་རས་གུར་རེ་རེའི་ནང་དུ་ཕྱེ་མར་དང་ཟས་རིགས། རྒྱན་ཆས། འཚོ་བའི་ཡོ་བྱད། བདུག་སྤོས། སྨན་རྫས། ཐང་ག ཡིག་གཟུགས། མིག་མངས། ཤོ་ལ་སོགས་པའི་བོད་ཀྱི་རིག་གནས་དང་འཚོ་བ་མཚོན་བྱེད་ཀྱི་དངོས་རྫས་དག་བཀྲམ་ཡོད་པ་རེད། སློབ་གྲྭའི་ཕྱི་ནང་གི་དགེ་སློབ་དང་རྒན་གཞོན་ཕོ་མོ་མང་པོ་དུས་ཆེན་གཏོང་ཡུལ་དངོས་སུ་འཛོམས་ཏེ་ཐེངས་འདིའི་རིག་གནས་དུས་ཆེན་རོལ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1