ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་དུ་བདམས་པའི་ཐང་ན་ཏི·ཐི་ལང་ཕུའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-10


    སྤྱི་ཟླ་11པའི་ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་དུ་བདམས་པའི་ཐང་ན་ཏི·ཐི་ལང་ཕུའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་།  ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་ཆེ་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ། འཛམ་གླིང་གི་དཔལ་འབྱོར་གཞི་ཆེན་སྔོན་མ་གཉིས་བཅས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཞི་བདེ་བརྟན་འཇགས་སྲུང་སྐྱོབ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་དམིགས་བསལ་གྱི་འགན་འཁྲི་གཙོ་བོ་ཁུར་ཡོད་པ་དང་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཡུན་རིང་བརྟན་འཇགས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རེ་སྒུག་བྱེད་བཞིན་ཡོད་པ་རེད། བདག་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། འགལ་བ་མི་འབྱུང་བ་དང་ངོ་རྒོལ་མི་བྱེད་པ། ཕན་ཚུན་ལ་བརྩི་འཇོག མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་འགལ་བར་དོ་དམ་དང་ཚོད་འཛིན་བྱེད་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་འགོ་རྩོམ་ས་གསར་པ་ནས་སྔར་ལས་ལེགས་པར་འཕེལ་རྒྱས་སུ་ཕྱིན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱས་ཡོད་ཅེས་བསྟན། 
     རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་མེད་ཁི་ཕིན་སི་ལ་གློག་འཕྲིན་བཏང་ནས་ཁོ་རང་ཨ་མེ་རི་ཁའི་སྲིད་འཛིན་གཞོན་པར་བདམས་པར་རྟེན་འབྲེལ་ཞུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1