༄༅།།སྣུམ་ཚོན་རི་མོའི་ནང་གི་བོད་ཡུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-14


        སྣུམ་ཚོན་རི་མོ་མཁན་གྲགས་ཅན་ཀྲང་མིང་ལགས་ནི་1986ལོར་ལུའུ་ཞུན་མཛེས་རྩལ་སློབ་གླིང་གི་རི་མོ་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། མཐོ་རིམ་ཇུས་འགོད་མཁན་དང་ལེའོ་ཉིང་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། པེ་ཅིང་སྣུམ་ཚོན་རི་མོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཡར་སྐུལ་ཚོགས་པའི་ཚོགས་མི། ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ་ཞིབ་འཇུག་གླིང་གི་ཚོགས་མི། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཁོངས་མི་དང་ཀྲུང་གོའི་རྒྱལ་སྤྱིའི་སྒྱུ་རྩལ་ཚོང་འབྲེལ་གྱི་(ClABA)མཛུབ་ཁྲིད་དགེ་རྒན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་སྔ་རྗེས་སུ་《ཀྲུང་གོའི་སྒྱུ་རྩལ་པའི་ལས་སྒྲུབ་ཁང་གི་སྙན་ཞུ།》དང་《རྒྱལ་ཁབ་བཙུགས་ནས་ལོ་འཁོར་60ལོན་པར་དགའ་བསུ་ཞུ་བའི་ལེའོ་ཉིང་ཞིང་ཆེན་གྱི་སློབ་ཆེན་བཅུ་བདུན་གྱི་དགེ་རྒན་གྱི་མཛེས་རྩལ་འགྲེམ་སྟོན་བརྩམས་ཆོས་ཕྱོགས་བསྒྲིགས།》སོགས་སུ་སྣུམ་ཚོན་རི་མོའི་བརྩམས་ཆོས་སྤེལ་བ་དང་། གཞན་རིགས་མི་འདྲ་བའི་འགྲེམ་སྟོན་ཁྲོད་ཞུགས་ནས་བྱ་དགའ་ཡང་གང་མང་ཐོབ་མྱངས། 
        འཚོ་བ་ནི་གསར་རྩོམ་གྱི་འབྱུང་ཁུངས་ཡིན་ཞེས་པ་ལྟར། ཀྲང་མིང་གི་སྣུམ་ཚོན་རི་མོ་དག་ལ་དངོས་བྲིས་ཀྱི་མཚོན་ཐབས་གཙོ་བོར་བཟུང་ཞིང་གཞན་འཆར་སྣང་གི་མཚོན་ཐབས་ཀྱང་མཉམ་དུ་བཀོལ་ནས་གསར་བཞེངས་གནང་འདུག ཀྲང་མིང་ནི་འཚོ་བར་དགའ་ཞེན་ཆེ་ལ་འཚོ་བའི་འབྱུང་ཁུངས་དང་སྒྱུ་རྩལ་གྱི་འབྱུང་ཁུངས་གཙུག་ཏུ་བཀུར་བའི་སྒྱུ་རྩལ་འཚོལ་ཞིབ་མཁན་ཞིག་ཡིན་ཏེ། ཁོ་བོས་སྒྱུ་རྩལ་འཚོལ་སྙེག་གི་ཕུགས་རེ་ཡིད་ལ་བཅངས་ཏེ་བོད་ཡུལ་གྱི་རི་ལུང་ཐང་གསུམ་ཀུན་ལ་ཐེངས་མང་ཕྱིན་ནས་དེའི་ལྷད་མེད་དྭངས་གཙང་གི་སྣོད་བཅུད་སེམས་ཀྱིས་མྱོང་ཞིང་གཟུགས་སུ་བཀོད་པའི་བརྩམས་ཆོས་རིན་ཐང་ཅན་གང་མང་ཞིག་གསར་བཞེངས་གནང་ཡོད།
        ཁོ་བོའི་སྣུམ་ཚོན་རི་མོའི་བརྩམས་ཆོས་ལས་ཡུལ་དུས་དང་རང་བྱུང་ཁམས། མིའི་རིགས་དང་སྲོག་ཆགས་བར་གྱི་འཆམ་མཐུན་མཉམ་གནས་ཀྱི་སྒྱུ་རྩལ་མཛེས་པ་དེ་མངོན་པར་གསལ་ཞིང་། དེའི་ཁྲོད་དུ་སྣོད་བཅུད་དབྱེར་མེད་མཉམ་དུ་འདྲིས་ཤིང་གསོན་ཉམས་ཀྱིས་ཕྱུག་པའི་གསང་བ་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་གིས་མངོན་པར་ཁེངས་ཡོད་དེ། དེ་ཡིས་རི་མོ་བ་ཁོང་གིས་དད་འདུན་ལ་བརྩི་འཇོག་དང་ཚེ་སྲོག་ལ་དགའ་ཞེན། སྐྱེ་ཁམས་ལ་དོ་སྣང་། འཚོ་བ་ལ་བསྟོད་བསྔགས་བྱེད་པའི་དྭངས་གཙང་གི་སེམས་ཁམས་དེ་མཚོན་ཐུབ། ཁོ་བོའི་རི་མོའི་བརྩམས་ཆོས་ལ་བབ་ཆགས་དང་བག་ཡོད། བརྗིད་ཉམས་ཆེ་ཞིང་གསོན་ཉམས་ལྡན་པ། ཡིད་དུ་འོང་ཞིང་འཆར་ཡན་གྱིས་བརྟས་པ་སོགས་ཀྱི་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་ཅིང་། སྲོལ་རྒྱུན་དང་དེང་རབས། དེ་མིན་ནུབ་ཕྱོགས་སོགས་ཀྱི་སྒྱུ་རྩལ་མཚོན་ཐབས་མཉམ་དུ་བསྲེས་པས་དེ་ལ་གཞན་ལས་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཕྱིར་མཚོན་ནུས་པ་དང་ཡིད་འགུགས་ནུས་པ་ཤུགས་ཆེན་པོ་ལྡན།   

        ཀྲང་མིང་ནི་ཕུགས་འདུན་འཚོལ་སྙེག་བྱེད་པའི་རྒྱང་བཞུད་པ་ཞིག་ཡིན་ལ། གསར་རྩོམ་གྱི་ལས་ལ་བརྩོན་འགྲུས་ལྡན་ཞིང་མནོ་བསམ་གཏོང་བར་མཁས་པའི་སྒྱུ་རྩལ་པ་ཞིག་ཀྱང་ཡིན། ཁོ་བོས་བོད་དང་བོད་ཀྱི་ཉི་འོད་འདིའི་ཆེད་དུ་བདག་གིས་ནམ་ཡང་པུར་རྩེ་འགུལ་མཚམས་འཇོག་རྒྱུ་མིན་ཞེས་གསུངས་པ་བཞིན། རང་ཉིད་ཀྱི་བསམ་སྤྱོད་དང་མཛེས་དཔྱོད་ཀྱི་འཚོལ་སྙེག་དེ་པུར་རྩེར་དྲངས་ནས་བོད་ཀྱི་ཡུལ་སྲོལ་དང་སྣོད་བཅུད་བརྗོད་བྱར་བཟུང་སྟེ་ཡིད་སེམས་དབང་མེད་འཕྲོག་པའི་སྣུམ་ཚོན་རི་མོ་གསར་བཞེངས་ཀྱི་ལས་ལ་འབད་བཞིན་མཆིས་སོ། ། 


མཐོ་སྒང་བུད་མེད།

མ་སྐྱེས་ཨ་མ། 


མ་སྐྱེས་ཨ་མའི་དད་སེམས། 

ཚངས་དབྱངས་རྒྱ་མཚོ།

ལོ་ཟླ། 

བརྩེ་དུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1