གཙོ་ངོས།>> དེང་རབས་མི་སྣ།>>གེ་སར་ཞིབ་འཇུག་པ།

འཕྲིན་དགའ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན།

        ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་སྐུ་སྲས་བརྒྱད་ཡོད་པའི་ནང་ཚན་གྱི་སྐུ་སྲས་གཉིས་པ་པདྨ་རྡོ་རྗེའི་ཡང་སྲིད་སྤྲུལ་སྐུ་ལ་ངོས་བཟུང༌།པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་ནི་ཕ་ཡབ་རྫོང་གཏེར་ཀུན་བཟང་ཉི་མའམ་རིག་འཛིན་ནུས་ལྡན་རྡོ་རྗེ་དང་མ་ཡུམ་སྟུག་རྒྱ་བཟའ་རིག་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་སྤྱི་ལོ1936ལོར་ངོ་མཚར་བའི་རྟགས་མཚན་དུ་མ་བཅས་ཏེ་སྐུ་འཁྲུངས། དགུང་ལོ་ལྔའི་སྟེང་དུ་སྤྲུལ་སྐུ་ཡང་སྲིད་ངོས་ཟིན་བྱས་ཤིང་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ་མྱོང༌།དགུང་ལོ་བཅུའི་སྟེང་ནས་རིམ་གྱིས་རྡོ་གྲུབ་ཆེན་དགོན་པའི་མཁན་པོ་གངས་རྣམས་དང་གྱང་སྤྲུལ་དོན་འགྲུབ་རྡོ་རྗེ།རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ།རྡོ་གྲུབ་སྐུ་ཕྲེང་བཞི་པ་རིག་འཛིན་རྡོ་རྗེ། དུང་དཀར་མཆོག་སྤྲུལ་ངེས་དོན་རྒྱ་མཚོ་སོགས་ཀྱི་ཞབས་པད་སྤྱི་གཙུག་ཏུ་བཀུར་ནས་ཡི་གེ་འབྲི་ཀློག་ནས་མདོ་སྔགས་རྒྱུད་སྡེ་ལམ་གྱི་རིམ་པ་ལ་ཐོས་བརྩོན་སློབ་གཉེར་རྒྱ་ཆེར་མཛད།ཁྱད་པར་ཟབ་ལམ་རྫོགས་པ་ཆེན་པོའི་ཕྱོགས་ནས་རྫོགས་ཆེན་སྣང་སྦྱང་དང་གནས་ལུགས་རང་བྱུང་གི་རྒྱུད། རྫོགས་ཆེན་གསང་ཁྲིད།རྫོགས་ཆེན་གནས་ལུགས་གཙོར་མཐོང་སོགས་ཀྱི་དབང་ལུང་མན་ངག་ཟབ་མོའི་རྒྱུད་གྲོལ་ཏེ་རྟོགས་པའི་ས་མཐོར་གཤེགས། ཁོང་ནི་མིང་དོན་མཚུངས་ཤིང་སྤྱོད་ཡོན་གཉིས་ལྡན་གྱི་ཆོས་ལུགས་མཐོ་རིམ་མི་སྣ་ཞིག་ཡིན་པ་མ་ཚད།རླབས་ཆེ་བའི་དཔའ་བོ་སྙན་རྩོམ་རིང་མོ་གེ་སར་རྟོགས་བརྗོད་ལ་སློབ་སྦྱོང་ཞིབ་འཇུག་གནང་མྱོང་བས་གཏེར་སྒྲུང་དང༌། པྲ་སྒྲུང༌། ཐོས་སྒྲུང༌། བབ་སྒྲུང༌། བརྒྱུད་སྒྲུང་དང་བརྩམ་སྒྲུང་སོགས་གང་གི་ཆའང་བག་ཆགས་གཏིང་ཟབ་ཆགས་ཡོད་པའི་གླིང་སྒྲུང་མཁས་ཅན་དང་གླིང་སྒྲུང་སྒྱུ་རྩལ་མི་སྣ་ཞིག་ཏུ་ངེས་སོ།ཁོང་གིས་བོད་མི་རིགས་ཀྱི་བློ་རྩལ་ཉིང་བཅུད་ལས་ཐོན་ཞིང་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང༌།རྒྱ་ཁྱོན་ཆེ་བའི་སྤྱི་ཚོགས་ཤུགས་རྐྱེན་ལྡན་ཞིང་ཚད་མཐོ་བའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་འཛམ་གླིང་སྙན་རྩོམ་རིང་མོ་གེ་སར་རྟོགས་བརྗོད་རྒྱུན་འཛིན་དང་དར་སྤེལ་གཏོང་བར་མཛད་རྗེས་འབུར་ཐོན་བཞག་ཚུལ་མདོར་བསྡུས་ཙམ་བརྗོད་ན།གོང་རིམ་ལས་ཁུངས་དང་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཐུགས་ཁུར་གནང་ཞིང་མཐུན་རྐྱེན་འོས་མཙམས་སྦྱར་བ་དང༌།སྐབས་དེའི་བླ་སྤྲུལ་ཆེ་ཁག་རྣམས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་བཟང་པོར་བརྟེན་ནས།ཁོ་རང་ཉིད་དངོས་སུ་དབུ་བཞུགས་གནང་འོག་1981ལོར་གསེར་ཐར་རྫོང་བོད་ཀྱི་རྣམ་ཐར་ཚོགས་པ་ཐོག་པར་བཙུགས་ནས་¬¬༼རྒྱལ་པོ་དྲི་མེད་ཀུན་ལྡན་༽དང་༼འགྲོ་བ་བཟང་མོ་༽སོགས་ཀྱི་རྣམ་ཐར་འཁྲབ་སྟོན་བྱས་པ་དང་དུས་མཚུངས་སུ་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་སྐོར་གྱི་༼རྟ་རྒྱུགས་༽དང༌།༼མངའ་རིས་གསེར་རྫོང༌།༽༼ཨ་སྟག་ཀླུ་མོ།༽༼འདན་མའི་ནས་རྫོང་༽སོགས་ཀྱི་འཁྲབ་གཞུང་གསར་དུ་བཟོས་ཤིང་གར་སྟེགས་སུ་སྤོས་ནས་འཁྲབ་སྟོན་གསར་དུ་བྱས་ཡོད་པ་ནི་ཁོང་གི་གསར་གཏོད་རང་བཞིན་ལྡན་པའི་རྩོམ་ཆོས་གསར་པ་ཞིག་ཡིན་པ་མ་ཟད།གེ་སར་རྟོགས་བརྗོད་འཁྲབ་སྟོན་བྱས་པ་ནི་བོད་ཁུལ་ཡོངས་ལ་མཚོན་ན་ཕལ་ཆེར་ཐེངས་དང་པོ་ཡིན་པར་སེམས།ཁོང་ཉིད་ཚོགས་གཙོ་ལ་དབུ་བཞུགས་གནང་བའི་གསེར་ཐར་རྫོང་གེ་སར་རྣམ་ཐར་ཚོགས་པ་ནི་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་སྣ་ཚོགས་འཁྲབ་གཞུང་དུ་བཟོ་བའི་འབྱུང་ཁུངས་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་དང༌།གསེར་ཐར་རྫོང་གེ་སར་རྣམ་ཐར་ཚོགས་པས་གླིང་སྒྲུང་གི་རྟོགས་བརྗོད་སྣ་ཚོགས་འཁྲབ་སྟོན་བྱེད་པ་ལ་གླིང་སྒྲུང་སྐོར་གྱི་ཆེད་ལས་མཁས་པ་མང་པོ་ཡིས་སྨྲ་བའི་འབབ་སྟེགས་གཟེངས་སུ་བཏེགས་ནས་བསྔགས་བརྗོད་ཚིག་གི་མེ་ཏོག་ཕྱོགས་ཀུན་ཏུ་ཐོར་དང་འཐོར་ཡོད་པ་རེད།གསེར་ཐར་རྫོང་གེ་སར་རྣམ་ཐར་ཚོགས་པ་དེ་མདོ་དབུས་ཁམས་གསུམ་གཙོ་བོར་ཡིན་པའི་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཅུང་སྐད་གྲགས་ཆེ་བའི་བོད་ཀྱི་རྣམ་ཐར་ཚོགས་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་ནི་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་བཀའ་དྲིན་ལས་མ་འདས། མིག་སྔར་གསེར་ཐར་རྫོང་གེ་སར་རྣམ་ཐར་ཚོགས་པའི་བྱ་བ་ཆེ་ཕྲ་མང་པོ་ཐུགས་ཉམས་སུ་བཞེས་ཤིང་གེ་སར་རིག་གནས་སྒྱུ་རྩལ་དར་སྤེལ་གཏོང་བར་ཕྱག་ལེན་ནས་ཞབས་པད་བརྟན་བཞིན་པ་ལགས་སོ།། 

39.7K

རྩོམ་ཡིག་སྔོན་མ།
ཡོན་ཏན།
རྩོམ་ཡིག་རྗེས་མ།
༄༅།། པདྨ་ཡེ་ཤེས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1