གཙོ་ངོས།>> དེང་རབས་མི་སྣ།>>གེ་སར་ཞིབ་འཇུག་པ།

གངས་དབང་གིས་བསྡུས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་འཛུམ་རིས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།།ཨ་ཉིད།

        བོད་ཀྱི་དམངས་ཁྲོད་དུ་སྒྲུང་པ་དང་གླུ་པ།བྲོ་པ་སོགས་བགྲང་ལས་འདས་ཤིང་དེ་དག་གིས་རང་རིགས་ཀྱི་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་བླ་ན་མེད་པའི་བྱས་རྗེས་བཞག་དང་འཇོག་བཞིན་མཆིས་པ་ནི་ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཡི་རང་བྱེད་དགོས་པ་ཞིག་རེད།དེ་ཡང་སྡེ་དགེ་རྫོང་ཐོག་ཏུ་གེ་སར་སྒྲུང་ཡིག་བཤད་པ་དང་སྒྲུང་གླུ་ལེན་པ་ལ་ཐོགས་ཐུག་མེད་པའི་སྒྲུང་པ་གྲགས་ཅན་ཨ་ཉིད་ཟེར་བ་ཞིག་ཡོད་པ་གོ་ཐོས་བྱུང་བས་བྱ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་དགའ་སྤྲོ་དཔག་མེད་བརྟས་ཏེ་ཁོང་གི་དྲུང་དུ་བཅར་ནས་གནས་ཚུལ་རྒྱུས་ལོན་བྱ་རྒྱུའི་གྲོས་ཐག་བཅད།སེམས་སུ་དྲི་གཞི་སྣ་ཚོགས་བཅངས་ཏེ་རྫོང་ཡུལ་སྐོར་ཅུས་ཀྱི་འགོ་ཁྲིད་དང་མཉམ་དུ་སྒྲུང་པ་ཨ་ཉིད་ཀྱི་བཞུགས་སའི་ཕྱོགས་སུ་བསྐྱོད།སྟབས་ལེགས་པ་ལ་པར་ཁང་ཁྲོམ་ལམ་དུ་ཁོང་དང་ཐུག་འཕྲད་བྱུང་།ལུས་ཀྱི་སྟོད་སྨད་ལ་སྤྲས་པའི་ཆ་ལུགས་དང་མཐུན་པའི་བོད་ཆས་དང་དམར་མདངས་ལྡན་པའི་ཞལ་ངོ་།གནག་སྣུམ་གྱི་རལ་པ་བཅས་ལས་ཁམས་པའི་ཕོ་སར་ལ་ཡོད་པའི་གཟི་ཉམས་ཤིག་མངོན་པས་ཕར་བལྟས་ན་ལོ་ངོ་བཞི་བཅུ་ཡས་མས་ཀྱི་ཕོ་སར་ཞིག་དང་འདྲ།ཁོང་གིས་ང་ཚོའི་འོངས་དོན་ཤེས་འཕྲལ་ཞལ་ནས་ལགས་སོ།ཚེ་རིང་།ཞེས་གུས་བཀུར་དང་སྨོན་ཚིག་རྒྱུན་མི་ཆད་པར་ཁོང་གི་ཁྱིམ་གྱི་ཕྱོགས་སུ་ཁྲིད།ལམ་བར་དུ་རྡོ་ཡི་ཐེམ་སྐས་རེ་རེ་ལ་འཛེག་དུས་དམངས་ཁྲོད་སྒྱུ་རྩལ་པ་ཞིག་གི་རེ་མཐོ་རེ་དམའ་ཡི་ཤུལ་རྗེས་འཚོལ་བའི་སྣང་བ་ཞིག་ངང་ངམ་ཤུགས་སུ་སྐྱེས་བྱུང་།  ཁྱིམ་དུ་འབྱོར་རྗེས་ང་ཚོས་ཞིམ་མངར་གྱི་སྲུབ་ཇ་འཐུང་ཞོར་ཁ་བརྡ་ལབ་གླེང་བྱེད་དུས་ཁོང་གིས་སྦ་གསང་ཅི་ཡང་མེད་པར་ང་ནི་སྤྱི་ལོ1949ལོར་སྡེ་དགེ་རྫོང་འཁོར་ལོ་མདོ་ཤང་གསེར་འབར་གྲོང་ཚོ་རུ་ཕ་ཞི་གྲུབ་དང་མ་ཉི་ཤར་འཚོ་གཉིས་ཀྱི་བུ་རུ་སྐྱེས།མིང་སྲིང་བདུན་ཡོད་པ་ལས་ང་ནི་བུ་གསུམ་པ་ཡིན།ཆུང་དུས་སུ་ཕྱི་ནང་གི་ཆ་རྐྱེན་མ་འཛོམས་པས་ཡི་གེ་སྦྱངས་མ་ཐུབ་པར་ནོར་ལུག་གི་རྗེས་སུ་འབྲངས་ཏེ་རྫི་བོ་མི་བྱེད་ཁག་མེད་དུ་གྱུར།ལོ་བཅུ་གཉིས་ཐོག་བླ་མ་བློ་དགའ་ཞེས་པའི་དྲུང་དུ་ཀ་ཁའི་སྦྱོར་ཀློག་སྦྱངས།ཆ་རྐྱེན་དབེན་པས་རྡོ་ལེབ་ཀྱི་ངོས་སུ་ཀ་ཁའི་འབྲི་སྟངས་སྦྱངས་དགོས་མོད་སེམས་སུ་མེད་མུག་གི་སྡུག་བསྔལ་ཅི་ཡང་ཡོད་མ་མྱངས།འོན་ཀྱང་ཡར་རབས་ཀྱི་ལས་ལ་བར་ཆད་མང་ཞེས་པ་ལྟར་ལོ་གཉིས་ཙམ་གྱི་རྗེས་སུ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་བདེ་བར་གཤེགས་པས་དེ་ནས་བཟུང་རིག་པ་དོན་དུ་གཉེར་བའི་གོ་སྐབས་མ་རྙེད།རེད་དེ་ང་ནི་ཆུང་དུས་ནས་མི་སྙིང་རུས་ཅན་ཞིག་ཡིན་པས་ལས་ཀ་ལས་ཞོར་དུ་གེ་སར་སྒྲུང་ཡིག《ཧོར་གླིང་གཡུལ་འགྱེད》དང་《རྟ་རྒྱུགས་ནོར་བུ་ཆ་བདུན》《འཁྲུངས་གླིང》《ལྷ་གླིང》《སྟག་གཟིག་ནོར་རྫོང་》སོགས་ལ་བལྟས་ཏེ་རང་སྦྱངས་བྱས་ཏེ་འབྲས་བུ་ཡག་པོ་སྨིན།ལོ་བཅོ་བརྒྱད་ཙམ་ལ་མཉམ་ལམས་ཁང་གི་བྲོ་འཁྲབ་མཁན་བྱས།དེ་དུས་བྲོ་འཁྲབ་མཁན་བུ་དང་བུ་མོ་བཅུ་རེ་ཡོད།ང་ཡིས་བྲོ་ཚིག་བརྩམས་ལ་འཁྲབ་ཁྲིད་བྱས་ཏེ་ལོ་རེ་ལ་ཐེངས་དྲུག་རེ་ཙམ་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅེས་གསུངས།ཁོང་གིས་འདས་དུས་ཀྱི་སྐྱིད་སྡུག་རྗེས་དྲན་བྱེད་དུས་ཡིད་སེམས་སྤོབས་པས་ཁེངས་ཤིང་དཔའ་བའི་ཉམས་ཀྱང་མངོན་འདུག ཁྱེད་ཀྱིས་དུས་ནམ་ཞིག་ལ་གེ་སར་སྒྲུང་བཤད་འགོ་བརྩམས་པ་ཡིན་ཞེས་དྲི་བ་བཏོན་པ་ན་ཁོང་གིས་འཛུམ་མདངས་དང་བཅས་ཏེ་སྤྱིར་དེ་དུས་ངས་རྒྱུན་དུ་གེ་སར་ལ་གསོལ་བ་འདེབས་བཞིན་ཡོད།ཉིན་ཞིག་ལ་སྟག་ཡག་ཅེས་པའི་རི་བོ་ལ་རྫི་བོ་བྱེད་དུ་སོང་།ལུས་པོ་ངལ་ཐང་ཆད་དེ་ངལ་གསོ་བ་ན་གཉིད་དུ་ལོག རྨི་ལམ་ནང་དུ་ལུས་ལ་མདའ་གྲི་མདུང་གསུམ་གྱིས་བརྒྱན་ཞིང་རྟ་དཀར་པོ་བཞོན་པའི་མི་སྣ་བདུན་དང་འཕྲད།དེའི་ནང་ལས་གཅིག་ཁོ་བོའི་མདུན་དུ་བཅར་ཏེ་ཁྱོད་ལ་ལས་འགན་གསུམ་ཡོད་དེ།གཅིག་ནི་ལུས་པོ་ལ་སྲུང་སྐྱོང་བྱེད་དགོས།གཉིས་ནི་སྐད་ལ་དང་དོད་བྱེད་དགོས།གསུམ་ནི་གེ་སར་སྒྲུང་བཤད་དགོས།དེ་མིན་ན་ཁྱོད་གསད་ལེ་ཡིན་ཞེས་ཟེར་བ་ལ་ངས་ཁྱོད་སུ་ཡིན་ཞེས་དྲིས་པར་མི་དེས་ང་ནི་ལྷ་ཕྲུག་འདན་ཆེན་འོད་དཀར་ཡིན་ཞེས་ཟེར་ཞོར་དུ་རྟ་ཡི་ལྕག་ཚན་ངའི་མགོ་བོའི་ཐོག་ཏུ་བཞག་པས་ང་རང་གཉིད་ལས་སད་བྱུང་།གཉིད་ལས་སད་མ་ཐག་ལུས་སེམས་བདེ་བར་གྱུར་ཞིང་དགའ་སྤྲོ་དཔག་མེད་སྐྱེས་ཏེ་འདི་ནི་ལས་ཀྱིས་བསྐོས་པ་ཡིན་པས་ད་ནས་གེ་སར་སྒྲུང་བཤད་རྒྱུའི་དམ་བཅའ་བཞག ཁྱིམ་དུ་ལོག་རྗེས་ཨ་ཕ་ལ་གནས་ཚུལ་ཞུས་པས་ཨ་ཕས་ཀྱང་སྐུལ་མ་ཡང་ནས་ཡང་དུ་བྱས།དེ་དུས་ཕྱི་ནང་གི་ཆ་རྐྱེན་མ་འཛོམས་ཀྱང་ལྐོག་ཏུ་གེ་སར་སྒྲུང་བཤད་འགོ་བརྩམས་པ་ན་ཉན་མཁན་རྣམས་ཀྱི་རྣ་བའི་བདུད་རྩི་དང་ཡིད་ཀྱི་གསོས་སུ་གྱུར་ཞེས་གསུངས།གོ་ཐོས་སུ་ཁྱེད་རང་ས་ཆ་སོ་སོར་གེ་སར་སྒྲུང་བཤད་དུ་ཕེབས་མྱངས་ཞེས་པ་དེ་བདེན་པ་ཡིན་ནམ་ཞེས་དྲིས་པ་ན།ཁོང་གིས་སྤོབས་པ་ཆེན་པོ་དང་བཅས་དེ་བདེན་པ་རེད།ལོ་རབས་བདུན་ཅུར་སི་ཁྲོན་རྒྱང་བསྒྲགས་ཁང་གི་བློ་མཐུན་སྐལ་བཟང་ཚེ་རིང་སྡེ་དགེར་ཕེབས་ནས་ང་འཚོལ་དུ་ཡོངས།དེ་དུས་ངས་《ལྷ་གླིང་གབ་རྩེ་དགུ་སྐོར》སོགས་སྒྲུང་སྣ་བཅོ་ལྔ་ཙམ་མ་གཏོགས་བཤད་མི་ཤེས།ཁོང་གི་བཀའ་དྲིན་གྱིས་སྤྱི་ལོ་1979ལོར་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ཟླ་བ་དགུ་ཙམ་བསྡད་དེ་《ཧོར་གླིང་གཡུལ་འགྱེད》དང་《རྟ་རྒྱུགས་ནོར་བུ་ཆ་བདུན》བཅས་སྒྲ་ཕབ་བྱས།དེ་ནས་ལྷ་ས་དང་མཚོ་སྔོན་སོགས་བོད་ས་ཁུལ་དུ་སོང་ནས་སྒྲུང་བཤད་པས་ཉམས་མྱོང་མང་ཙམ་གསོག་འཇོག་བྱས།
        ལོ་རབས་བརྒྱད་ཅུའི་དཀྱིལ་དུ་རྫོང་གིས་དམངས་ཁྲོད་ཀྱི་སྒྲུང་པ་ཞེས་གསོག་འཇོག་བྱས།ལོ་རབས་བརྒྱད་ཅུའི་དཀྱིལ་དུ་རྫོང་གིས་དམངས་ཁྲོད་ཀྱི་སྒྲུང་པ་ཞེས་པའི་ཆོ་ལོ་གནང་སྟེ་ཟླ་ཕོག་ཀྱང་སྤྲད་པས་ངས་ཀྱང་ངར་ཤུགས་ཆེར་བསྐྱེད་ཀྱིས་མུ་མཐུད་དེ་འབད་འབུངས་ལྷོད་མེད་བྱས་པར་བརྟེན་སྒྲུང་སྣ་དགུ་བཅུ་ཙམ་བཤད་ཐུབ་ལ་སྒྲུང་ངག་(སྒྲུང་གི་དབྱངས་རྟ་སྟེ་གླིང་གི་གྲུབ་ཆེན་བརྒྱད་ཅུ་ལ་སྒྲུང་ངག་བརྒྱད་ཅུ་ཡོད་ཟེར)བརྒྱད་ཅུ་ལེན་ཐུབ་ཅེས་གསུངས་བཞིན་དཔེ་སྒྲོམ་ནས་པོ་ཏི་མཐུག་པོ་ཞིག་བླངས་ཏེ་ང་ཚོ་ལ་སྤྲད་བྱུང་།དེ་ནི་ཁོང་གིས་བཤད་ལ་བཟའ་ཟླ་ངག་དབང་ཆོས་སྒྲོན་གྱིས་ཡི་གེར་ཕབ་པའི་སྒྲུང་ཡིག《ཧོར་གླིང་གཡུལ་འགྱེད》རེད་འདུགགང་ལ་ས་བོན་གྲུང་པོ་ཡོད་ན་དེ་ལ་འབྲས་བུ་བཟང་པོ་སྨིན་པའི་ཆོས་ཉིད་ལྟར་སྒྲུང་པ་ཨ་ཉིད་ཀྱི་དཀའ་ངལ་གྱི་རྔུལ་ཆུ་དང་སྡུག་རུས་ཀྱི་ཟུངས་ཁྲག་ལས་མི་སྨོན་རང་སྐྱིད་ཀྱི་འབྲས་བུ་ཐོབ་ཡོད་དེ།སྤྱི་ལོ1990ལོར་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་བཞི་བཅུ་འཁོར་བ་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་ནང་གེ་སར་སྒྲུང་བཤད་པ་ལ་ཕུལ་བྱུང་གི་བྱ་དགའ་ཐོབ།སྤྱི་ལོ2000ལོའི་ཟླ་9པར་དཀར་མཛེས་ཁུལ་སྐབས་དང་པོའི་གེ་སར་སྒྲུང་གླུ་ལེན་པའི་བྱ་འགུལ་ནང་ཆེད་མཁས་པ་རྣམས་ཀྱས་བསྟོད་བསྔགས་བྱས།སྤྱི་ལོ་2004ལོའི་ཟླ7པར་ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཁོང་གིས་བཤད་ཅིང་བླངས་པའི《རྟ་རྒྱུགས་རྒྱལ་འཇོག》བརྙན་འཕྲིན་དུ་ཕབ།སྤྱི་ལོ་2004ལོའི་ཟླ3པར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་དམངས་ཁྲོད་ཀྱི་གླུ་པ་གདམ་གསེས་བྱེད་པའི་འགྲན་སྡུར་ནང་ནས་ཕུལ་བྱུང་གི་བྱ་དགའ་བླངས།དུས་ད་ལྟར་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་གེ་སར་སྒྲུང་པ་ཞེས་མཚན་སྙན་བླ་ན་འབར།ཆུ་སྣ་ཡོད་རྒུ་རུམ་དུ་བསྡུས་པས་རྒྱ་མཚོར་འཁྱིལ་ཞིང་ཤིང་སྣ་འདྲ་མིན་མཉམ་དུ་སྐྱེས་པས་ནགས་ཚལ་དུ་གྲུབ་པ་ལྟར་སྒྲུང་པ་ཨ་ཉིད་ཀྱིས་ཁོག་རྒྱ་ཡངས་པོ་དང་མིག་རྒྱང་རིང་པོས་རང་ཉིད་འཐུས་ཚང་དུ་བཏང་སྟེ་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བར་སྐར་མས་ཞྭ་མོ་དང་བ་མོས་ལྷམ་བྱས་ཏེ་འབད་པ་ལྷུར་ལེན་བྱས་པ་མ་ཟད་ཕྱིན་ཆད་ལ་དོན་སྙིང་ལྡན་པའི་འཆར་གཞིའང་བཞག་ཡོད་དེ།གླིང་གེ་སར་གྱི་མཛད་རྗེས་མི་རབས་ནས་མི་རབས་བརྒྱུད་དེ་ཁྱབ་སྤེལ་གཏོང་བའི་ཆེད་དུ་ཁོང་གིས《གླིང་གེ་སར་རྒྱལ་པོའི་རྣམ་ཐར》པར་ཤིང་དུ་བརྐོ་རྒྱུའི་ཐག་བཅད་དེ་སྡེ་དགེའི་པར་ཁང་དང་གན་རྒྱའང་བཞག་ཟིན་པས་མི་རིང་བར་ཡིག་འབྲུ་དག་ཅིང་འབུར་དུ་ཆོན་ལ་བརྗོད་བྱ་ཚང་ཞིང་སྤུས་ཀ་བཟང་བའི་པར་ཤིང་གཞན་དྲིང་འཇོག་མི་དགོས་པ་ང་ཚོའི་མིག་ལམ་དུ་བསྟར་ངེས་རེད།མདོན་ན་སྡེ་དགེ་བ་ཡི་ཆེས་ཡིད་སེམས་འགུག་པའི་སྨོན་ཚིག“ཚེ་རིང་ཨ་”ཞེས་པ་ལྟར་ཁོང་ཡང་ཚེ་རིང་ལ་བསམ་དོན་ཡིད་བཞིན་དུ་གྲུབ་སྟེ་གླིང་རྗེ་གེ་སར་གྱི་ཤུལ་རྗེས་ལྟར་གཞན་ཕན་གྱི་མཛད་རྗེས་ནམ་ཡང་ཉམས་པ་མེད་པར་སྨོན་ནོ།།

39.7K

རྩོམ་ཡིག་སྔོན་མ།
༄༅།། པདྨ་ཡེ་ཤེས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1