གཙོ་ངོས།>> དམངས་སྲོལ།>>གཉེན་སྟོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༡ཚེས་༢༣ཉིན།

༄༅།། ཨ་མའི་ནུ་རིན།

        ཨ་མའི་ནུ་ཞོ་ལ་བརྟེན་ནས་བུ་མོའི་ལང་ཚོ་རྒྱས་པ་དང་། ཨ་མའི་བྱམས་བརྩེ་ལས་བུ་མོ་ནར་སོན་པ་ཡིན་པས་ནུ་མ་ནུ་བའི་དྲིན་ལ་རིན་པ་སྟེར་ཚུལ་ཞིག
1. དགོས་ཚུལ།
        ཟླ་དགུ་ཞག་བཅུ་ཁུར་བའི་དྲིན་ཆེན་མ། བྲང་ནུ་མ་བསྣུན་ནས་སྙོར་མཁན་མ། ཁ་སྣ་ལྕེ་ཡིས་ལྡག་མཁན་མ། ཟས་གང་ཞིམ་རང་ལ་སྟེར་མཁན་མ། གོས་གང་ཡག་རང་ལ་བསྐོན་མཁན་མ། གྱ་ཙེ་གོམ་ཙེ་སྩོལ་མཁན་མ།མི་ཤེས་སྐད་ཆ་འཁྲིད་མཁན་མ། ལས་མི་ཤེས་ལས་ཀ་སྟོན་མཁན་མ། གང་འགྲོ་མིག་གིས་འཚོ་མཁན་མ།འཁྱགས་ཨེ་འགྲོ་འདོད་པའི་ལྭ་བ་བསྐོན་མཁན་མ། གྲང་ཨེ་འགྲོ་འདོད་ནས་རུམ་དྲོད་གློན་མཁན་མ། འཚིག་ཨེ་འགྲོ་འདོད་ནས་བསིལ་གྲིབ་སྟེར་མཁན་མ། ཁ་སྐོམ་འདོད་ནས་བྱམས་པའི་ནུ་ཞོ་ལྡུད་མཁན་མ། ལྟོགས་ཨེ་འགྲོ་འདོད་ནས་ཁ་ཡིས་ཟས་སྙོད་བྱེད་མཁན་མ། སྡུག་ཨེ་འགྲོ་འདོད་ནས་སྤྲོ་བ་འཛུམ་གྱིས་བསུ་མཁན་མ།  བརྩེ་བའི་སེམས་ཀྱིས་སྐྱོང་བའི་དྲིན་ཆེན་མ། མ་དྲིན་མོའི་དྲིན་ལ་རྫོགས་རྒྱུ་མེད་ཅེས་པའི་ཨ་མའི་ནུ་རིན་ནི་རིན་ཆེན་གསེར་གྱིས་མི་ཁུག་པ་ཚང་མས་ཤེས་པ་རེད། ཡིན་ནའང་། འཇིག་རྟེན་འགྲོ་ལུགས་ལྟར། མེ་ཏོག་ཆུང་རུང་ལྷ་རྫས་ཞེས་པའི་དཔེ་ལྟར། འདི་ན་དངོས་པོ་ལེགས་སྐྱེས་ལྟ་བུ་ཞིག་ལས་མ་འཛོམས་པས་ཁ་ར་འཁང་ར་ཞིག་ཡོད་མི་ཉན།
2.ལེན་ཚུལ།
        ཨ་མའི་ནུ་རིན་ནི་གྲོས་ཤ་གྲོས་ཆང་སྟེང་གཏན་ལ་ཕབ་ཡོད་པ་དེ་གཅིག་ཀྱང་ཆད་མི་ཉན། ཨ་མའི་དྲིན་ལན་ཅི་ཙམ་བརྗོད་ཐུབ་ན་དེ་ཙམ་གྱིས་བཟང་། ཨ་མའི་དྲིན་ལན་བརྗོད་དེ་ནུ་རིན་དགོས་ཚོད་ལེན་པ་དེར་བུ་མོའི་རྒྱུ་རིན་ཡང་ཟེར།ས་ཆ་རེ་རེས་ལེན་ཚུལ་མི་གཅིག་པ་རེད། རྒྱུ་རིན་མང་བོ་བླངས་ན་བུ་མོ་བཙོང་བའི་རྒྱུ་རིན་ཟེར་སྲོལ་ཡང་ཡོད།  ཚད་དང་རན་པ་ཞིག་བླངས་ན་ཨ་མའི་ནུ་རིན་ཟེར་བ་ཡིན།

        སྔོན་ཆད་ཡིན་ན་ཨ་མའི་ནུ་རིན་ལ་མཛོ་མོ་ཞིག་ངེས་པར་སྟེར་དགོས་ཟེར། ཨ་མའི་དྲིན་ལན་ནི་ཇི་འདྲ་འཐུས་ཚང་བ་ཞིག་བརྗོད་ཐུབ་ན་བཤད་མཁན་དེ་འཇོན་ཐང་དེ་ལྟར་ཆེ་བ་ཡིན།

   (ཁམས་པའི་རིག་གནས་ཀྱི་འཕྲིན་སྟེགས་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1