གཙོ་ངོས།>> དེང་རབས་མི་སྣ།>>གེ་སར་ཞིབ་འཇུག་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།། ཨོ་རྒྱན་བསྟན་འཛིན་གྲགས་པ།

        ཨོ་རྒྱན་བསྟན་འཛིན་གྲགས་པ་མཆོག་ནི།  1968ལ་ཡུལ་མགོ་ལོག་གཉན་པོ་གཡུ་རྩེ་རྫོང་ཁོངས་ཨ་སྐྱོང་སྦྲ་སར་དུ་སྐུ་འཁྲུངས། དགུང་གྲངས་བརྒྱད་དགུའི་དུས་ནས་ཁོང་ཉིད་སྔོན་རབས་དཔའ་བོ་གླིང་གི་སྐབས་སུ་འབྲུ་སྲས་བྱང་རོང་བཙན་པོའི་སྐྱེ་སྲིད་ཡིན་པ་སོགས་སྐྱེ་རྒྱུད་དུ་མ་ཐུགས་ལ་དྲན་སྣང་བྱུང༌། སྔ་གཞུག་ཀུན་ཏུ་གླིང་དུས་སུ་འདན་སྲས་ཆུང་གཡུ་འོད་འབུམ་མེའི་སྤྲུལ་བའི་རོལ་གར་གངས་རིའི་ལྗོངས་ཀྱི་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དང༌། སྤྲུལ་བའི་གཏེར་ཆེན་གར་དབང་བཞད་པའི་རྡོ་རྗེ། དཔལ་ཇོ་ནང་བའི་མཁན་ཆེན་ཀུན་དགའ་ཤེས་རབ་གསལ་བྱེད། མཁའ་འགྲོ་མ་མུ་མེད་ཡེ་ཤེས་མཚོ་མོ། མཁན་ཨོ་རྒྱན་བསྟན་འཛིན།ཨ་པཾ་སྤྲུལ་འཇིགས་མེད་དབང་དྲག་རྡོ་རྗེ། དཔལ་ཡུལ་ཡང་སྤྲུལ་ནམ་མཁའ་འཇིགས་མེད། ངེས་དོན་བསྟན་པའི་སྲོག་ཤིང་ངག་དབང་ཡོན་ཏན་བཟང་པོ་སོགས་རིས་མེད་བཤེས་གཉེན་དུ་མ་བསྟེན་ནས་ཐེག་པ་ཆེ་ཆུང་གི་དབང་ལུང་སྒོམ་ཁྲིད་མང་པོ་དང༌། སྐྱེས་མཆོག་གེ་སར་རྒྱལ་པོའི་བླ་རྣམ་དང་གསོལ་མཆོད་ཆོས་ཚན་ཅི་རིགས་པ་གསན་ནས་ཉམས་ལེན་མཛད་པར་བརྟེན་འགག་མེད་དགོངས་པའི་ཀློང་མཛོད་ནས་གླིང་གེ་སར་སྐྱེས་བུའི་རྣམ་སྒྲུང་རྩོལ་མེད་ལྷུན་གྲུབ་ཏུ་བརྡོལ་བའི་རྟེན་འབྲེལ་གྱི་གཏད་རྒྱ་སད་པར་བྱས། ལྷག་པར་དགུང་གྲངས་ཉེར་བཞིའི་སྟེང་ནས་ཉམས་བྱུང་རྗེས་དྲན་དང་འབྲེལ་བའི་གླིང་གེ་སར་སྐྱེས་བུའི་རྣམ་སྒྲུང་འབྲི་ཕབ་ཀྱི་དབུ་བཟུང་། སྒྲུང་ཚན་བརྒྱ་དང་བཅོ་བརྒྱད་ཀྱི་ཝེར་མའི་གབ་བྱང་རིག་པའི་ཀློང་ནས་རྒྱ་འཁྲོལ་ཏེ།ད་ཕན་《མང་ཁྲིའི་ས་ལེའི་གཏེར་རྫོང་》《བྱང་རོང་ལི་ཁྲིའི་མཚལ་རྫོང་》《ཁ་བ་དཀར་པོའི་རྨོག་རྫོང༌།》《ཤར་དུང་རི་རྡོ་རྗེའི་ཁྲབ་རྫོང༌།》《ལྡོང་སྲས་བརྒྱད་ཀྱི་རྣམ་ཐར་》《ཨ་སྟག་ཀླུ་མོའི་གསང་རྣམ》སོགས་སྒྲུང་སྣ་མི་ཉུང་བ་ཞིག་འབྲི་བཞེངས་ཟིན་པར་མ་ཟད། ཨ་སྟག་ཀླུ་མོའི་གསང་རྣམ་སོགས་སྒྲུང་སྒོ་དུ་མ་ཞིག་རྒྱལ་ཁབ་རིམ་པས་ཚད་ལྡན་དཔེ་སྣ་རུ་ལེགས་འདེམས་དང་བཅས་ད་ལྟ་པར་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱས་དང་བྱེད་མུས་སུ་མཆིས་པ་དང་། ད་དུང་སྒྲུང་གཏེར་ཁོང་གི་ཉམས་བྱུང་དང་བསྟུན་པའི་གླིང་གེ་སར་སྒྱུ་རྩལ་རི་མོའི་སྐོར་ནས་ཀྱང་ཕྱག་བྲིས་མི་ཉུང་བ་ཞིག་བཞུགས། དེ་བཞིན་དུ་སྒྲུང་གཏེར་དམ་པ་ཁོང་གིས་གླིང་སྒྲུང་འབྲི་ཕབ་ཀྱི་ངོ་མཚར་ལ་གླིང་གེ་སར་བྱ་བར་འབྲེལ་ཡོད་རྒྱ་བོད་གཉིས་ཀྱི་མཐོ་རིམ་ལས་བྱེད་མི་ཉུང་བ་ཞིག་གིས་གདེང་འཇོག་ཚད་མཐོན་པོར་གནང་བར་མ་ཟད། ཐོ་རིམ་ལས་ཁུངས་དུ་མས་གླིང་སྒྲུང་ཕུལ་བྱུང་གི་མཚན་ཐོབ་ཀྱང་མི་ཉུང་བ་བཏེགས་མྱོང་བ་སོགས་རྒྱས་པར་ཁོང་གི་ངོ་སྤྲོད་ལོ་རྒྱུས་གཞན་དུ་གསལ། ཉེ་བའི་ཆར་སྒྲུང་གཏེར་དམ་པ་ཁོང་ཉིད་ཀྱིས་སྙིགས་མའི་དུས་ཀྱི་བླ་ཆེན་གྲུབ་ཆེན་གྱི་མཚན་ཐོབ་ཅན་གྲགས་སྙན་གྱི་ཁ་འཛིན་ཚོའི་རྣམ་ཐར་ལ་དོ་སྣང་ཡེ་མེད་པར་ཞུ་དུལ་ཚུལ་མཐུན་གྱིས་ཐུགས་ཆོས་མཛོད་ཀྱི་ཀློང་སྒྲོམ་ནས་བཀའ་གཏེར་དག་སྣང་གི་ཆར་རྒྱུན་འབེབས་བཞིན་སྐུ་འཚོ་ཞིང་བཞུགས་པའི་སྐབས་སོ། །     


39.7K

རྩོམ་ཡིག་སྔོན་མ།
༄༅།། དཔལ་བརྒྱ་རིན་པོ་ཆེ།
རྩོམ་ཡིག་རྗེས་མ།
ཡར་དུང་།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1