༄༅།། དགེ་མང་འཇམ་དཔལ་གྱི་ཡིག་གཟུགས་བརྩམས་ཆོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-25


      
        བོད་ཀྱི་ཡིག་གཟུགས་པ་ཆེན་པོ་དགེ་མང་འཇམ་དཔལ་ལགས་ནི་སྤྱི་ལོ་1968ལོར་མདོ་སྨད་རྔ་གཡང་ཕྱུག་མོ་རུ་ལྟེ་ཁྲག་འཕོས་ཤིང་། རང་ལོ་བཅུ་གཅིག་ཐོག་བོད་ཀྱི་ཡིག་གཟུགས་ཀྱི་ཐང་ཆེན་དུ་གོམ་ཁ་དང་པོ་བསྒྱུར། སྐབས་དེར་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་སྤྲུལ་བའི་སྐུ་ལྷ་རྗེ་དར་རྒྱས་ཚང་གི་མདུན་ནས་འབྲི་ཀློག་སྦྱོར་གསུམ་གྱི་རྨང་གསར་དུ་བཏིང་པ་ཡིན། དེ་ནས་བཟུང་ཁོང་ལ་བོད་ཡིག་སློབ་འདོད་ཀྱི་འདུན་པ་ཟབ་མོ་ཡོད་པར་མ་ཟད། བོད་ཀྱི་ཡིག་གཟུགས་ཀྱི་ཕྱོགས་ལ་དེ་ལས་ཀྱང་འདུན་པ་ཆེས་ཟབ་མོ་ཞིག་ཡོད་པའི་དབང་གིས་སྦྱང་བ་གནད་དུ་སྨིན་པ་བྱས་ཏེ་སློབ་འབྲིང་འདོན་པའི་དུས་སུ་ཡིག་གཟུགས་ལས་དབུ་ཅན་ཚིགས་ཐུབ་འབྲི་བཞིན་པར་མ་ཟད་དགེ་རྒན་རྣམས་ཀྱིས་བསྟོད་བསྔགས་གི་མེ་ཏོག་ཀྱང་གཏོར་མྱངས། དེ་ནས་རིམ་བཞིན་དུ་དབུ་མེད་འབྲི་ལས་སུ་ཞུགས་ཏེ་ད་ལྟའི་བར་སྦྱང་བརྩོན་གྱི་སྤོབས་པ་ལྷོད་མ་མྱོང་།
        སྤྱི་ལོ་1988ལོ་ནས་བོད་ཆེན་པོའི་ཡིག་གཟུགས་ཀྱི་བྱུང་རིམ་དང་དེའི་ཁུངས་གཏུགས་ས་སོགས་ལ་སྤྲོ་བ་ཆེས་ཆེར་རྒྱས་ནས་སྟོད་ཀྱི་ཉི་མ་ལྷ་ས་རུ་བོད་གནའ་བོའི་རིག་གནས་ཀྱི་འཚོ་བཅུད་འཚོལ་དུ་ཕྱིན་འགོ་བཟུང་ན་ཡང་། ཁོང་གིས་བྲིས་པའི་ཡིག་གཟུགས་སྒྱུ་རྩལ་དང་བོད་མི་དམངས་ཀྱིས་བཟུང་བའི་ལྟ་གྲུབ་གཉིས་ལ་ཁྱད་པར་ཡོད་པར་མ་ཟད་ཕོ་བྲང་པོ་ཏ་ལ་དང་གཙུགས་ལག་ཁང་གི་མདུན་ན་དད་པའི་ཕྱག་མཆོད་འབུལ་བ་ལས་ཁོ་བོ་ལ་མཁོ་བའི་སྒྱུ་རྩལ་གྱི་ཡིག་གཟུགས་མེད་པ་ཤེས་ནས་ད་གཟོད་དགེ་མང་འཇམ་དཔལ་ལགས་ཀྱི་བསམ་བློ་དང་ལྟ་བ་ལ་ལམ་ཁ་གསར་བ་ཞིག་གནང་བ་ནི་འཇུག་མཐའི་འགྲུལ་བཞུད་འདི་ཡིན་པ་གཞི་ནས་རྟོགས།
        སྤྱི་ལོ་1988ལོའི་ལོ་མཇུག་ཏུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མདུན་ནས་སྲོལ་རྒྱུན་ལྟར་བོད་ཀྱི་ཡིག་གཟུགས་ལ་ཆེས་མདངས་ཆེ་བའི་དབུས་བྲིས་ཀྱི་ལུགས་སྲོལ་ལྟར་སྦྱངས་སྟེ་ཐོག་ནས་ཐིག་རྩ་དང་། སྨྱུག་ཁ་སྐོར་ལུགས། སྨྱུག་གུ་བཟོ་ཚུལ། མཐའ་ན་སྨྱུ་གུ་འཛིན་སྟངས་སོགས་གཞི་བྱས་བོད་ཀྱི་ཡིག་གཟུགས་ཚིགས་རིང་ཐུང་། ཚིགས་མ་འཁྱུག་དང་། འཁྱུག་ཡིག་སོགས་སྦྱངས་བ་མཐར་སོན་ནས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་རྩེ་དྲུང་གྲགས་ཅན་སྙེ་མོ་ཐོན་མདའ་སྨོན་མཁར་བའི་སྲས་དང་ཁོང་གི་སློབ་མ་མཆོག་གྱུར་དབང་འདུད་ཚེ་རིང་སོགས་ཀྱི་མདུན་ནས་དགའ་ལྡན་ཕོ་བྲང་གི་གཞུང་བྲིས་འབྲི་ཚུལ་དཔྱིས་ཕྱིན་པ་སོགས་མདོར་ན་དུས་ཚོད་འདིའི་ནང་དུ་བོད་ཆོལ་གསུམ་དུ་བགོས་པའི་དབུས་ཕྱོགས་ཀྱི་བྲིས་རྒྱུན་ཚད་ལྡན་ཐོབ་ཡོད་པར་མ་ཟད་དགེ་རྒན་རྣམས་ཀྱིས་ཀྱང་ཡིད་ཆེས་ཀྱི་རེ་བཞག་བཅོལ་ནས་བོད་ཆེན་པོའི་ཡིག་གཟུགས་རིགས་གཅིག་རྐང་འཛིན་གྱི་ཕྱོགས་ལ་བསམ་བློ་ཡང་དག་གི་སྣེ་ཁྲིད་བྱས་པ་ཡིན།
        སྤྱི་ལོ་1990ལོ་ནས་2005བར་གྱི་ལོ་15ཡི་རིང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་ཡིག་གཟུགས་སྣ་ཁ་མི་འདྲ་བ་ཁག་བརྒྱད་གསབ་ཁྲིད་གནང་བར་མ་ཟད་ལས་ཞོར་དུ་སློབ་དེབ་རིག་པའི་ཉིན་བྱེད་དེབ་ཕྲེང་གསུམ་དང་ཡིག་གཟུགས་མ་ཕྱི་མཁས་པའི་ཕྱག་རྒྱུན་དེབ་དང་པོ་ལ་བོད་ཕྱི་ནང་གི་ཡིག་གཟུགས་ཆེད་མཁས་པ་དག་གིས་གདེང་འཇོག་ཚད་མཐོ་གནང་ཡོད་པར་མ་ཟད་དེབ་ཕྲེང་གཉིས་པ་ལ་པར་དུ་བསྐྲུན་པའི་རེ་ཞུ་གནང་མཁན་ཡང་མང་དུ་ཡོད། ལྷག་དོན་སྤྱི་ལོ་1993ལོར་རྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཨང་དང་པོའི་བྱ་དགའ་ཐོབ། སྤྱི་ལོ་2013ལོར་ཀྲུང་གོའི་སྒྱུ་རྩལ་ཉམས་ཞིབ་ཁང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ཉམས་ཞིབ་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་མཉམ་དུ་སྒྲུབ་པའི་བི་ཤྭ་ཀརྨ་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོ་དང་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།
        དེ་མིན་སྤྱི་ལོ་2009ནས་2013ལོ་སྟེ་མི་ལོ་བཞིའི་རིང་གི་བརྩམས་ཆོས་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་ཞེས་པའི་ཞལ་ཐང་རིང་མོ། འཛམ་གླིང་ཅི་ཉི་སི་ཟིན་ཐོར་ཐོ་འགོད་བྱས་པའི་ཆེས་མངོན་མཚར་ཅན་གྱི་བོད་ཀྱི་ཡིག་གཟུཊ་ཞལ་ཐང་འདིས་ཁོང་གི་མི་ཚེའི་ཐོག་གི་སྙིང་སྟོབས་མཚོན་ཡོད་ལ། ད་དུང་གསར་གཏོད་ཀྱི་ཐོག་ནས་བོད་ལ་སྔ་ན་མེད་པ་སྟེ་པིར་ལེབ་ཀྱི་འབྲི་སྟངས་ལ་ལོ་མང་རིང་ཉམས་ཞིབ་བྱས་མཐར་སྤྱི་ལོ་1993ལོ་ནས་དངོས་སུ་འབྲི་མགོ་བརྩམས་ནས་བོད་ཀྱི་པིར་ལེབ་ཡིག་གཟུགས་འབྲི་མཁན་ཐོག་མར་གྱུར། 2014ལོར་ཁོང་གི་ཡིག་གཟུགས་བརྩམས་ཆོས་ཀྲུང་གོའི་རྒྱལ་ཁབ་དངོས་མང་རྟེན་རྫས་ཁང་དུ་བཤམ་སྟོན་གནང་། དེ་ནི་ལོ་རྒྱུས་ཐོག་བོད་ཀྱི་ཡིག་མཁན་ཞིག་གི་བརྩམས་ཆོས་རྒྱལ་ཁབ་རིམ་པའི་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་པ་ཆེས་ཐོག་མ་ཡིན།
        2015ལོར། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་གདན་ཞུ་བྱས་པ་ལྟར་ལྷ་སའི་བཤད་སྒྲ་སྒོ་རའི་ནང་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཐེངས་དང་པོ་སྤེལ།
        2015ལོར་ཅང་སུའུ་ཝུའུ་ཤེས་གྲོང་ཁྱེར་དངོས་མང་བཤམས་སྟོན་གླིང་ནས་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཐེངས་གཉིས་པ་ལེགས་གྲུབ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1