༄༅།། སྔ་དུས་ཀྱི་གོག་བགྲོད་སྲོག་ཆགས།

ཁྱུང་རྩེ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-29


        

        སྐྱེ་དངོས་རིགས་ཀྱི་འཕེལ་ཁ་ཧ་ཅང་རྒྱས་པའི་རྡོ་ཐལ་དུས་རབས་ཀྱི་རྗེས་ནས། སའི་གོ་ལས་རྒྱུན་རིང་ཞིང་ཐན་པ་དྲག་ལ། གྲང་ངར་ཆེ་བའི་དུས་ཡུན་ཞིག་བརྒྱུད་མྱངས། བྲག་རྡོའི་ཟིན་ཐོ་ལ་བལྟས་ན་སྐབས་འདིར་བྱེ་ཟེགས་ལ་སོགས་པའི་དིམ་བསགས་དངོས་རྫས་མཐུག་པོར་ཡོད་ཀྱང་། སྐྱེ་དངོས་རིགས་ཀྱི་འགྱུར་རྡོ་ཧ་ཅང་ཉུང་། སྐབས་དེར་སའི་གོ་ལའི་སྟེང་གི་དྲོ་གྲང་ལ་འགྱུར་ལྡོག་ཧ་ཅང་ཆེ་བ་མ་ཟད། ཡུན་རིང་གི་འཁྱགས་རོམ་དུས་སྐབས་ཀྱང་གང་མང་བརྒྱུད་པས། ཚང་ཚིང་གཡུ་ལོ་འཁྲིགས་པའི་འདམ་རྫབ་རྩི་ཤིང་དག་རིམ་གྱིས་བྱེ་འདམ་སོགས་དིམ་བསགས་དངོས་པོ་གསར་པ་དག་གིས་མནན་ནས་མི་མཐོང་བར་གྱུར་ཅིང་། རྩི་ཤིང་གི་རིགས་ས་འོག་ཏུ་མནན་ཅིང་བཙིར་བ་ལ་བརྟེན་ནས་རིམ་བཞིན་གཏེར་ཁ་ཐོན་འགོ་ཚུགས་པ་ཡིན་ཏེ། གོ་རིམ་འདིས་དེང་གི་དུས་ལ་ཕུན་སུམ་ཚོགས་པའི་རྡོ་སོལ་གྱི་གཏེར་ཁ་བསྐྲུན། 

        ཡང་སྐབས་འདིའི་འགྱུར་ལྡོག་ཆེན་པོའི་དུས་རིམ་ནང་། སྐྱེ་དངོས་རིགས་ལ་དཀའ་སྡུག་གི་ཁོར་ཡུག་ཁྲོད་ནས་རིན་ཐང་ལྡན་པའི་ཉམས་སད་བྱུང་སྟེ་མྱུར་དུ་འགྱུར་ལྡོག་བྱུང་ཞིང་། ཁོར་ཡུག་ཡང་བསྐྱར་དྲོ་འཇམ་ཅན་དང་བརླན་གཤེར་ཅན་དུ་གྱུར་དུས། རྣམ་པ་གསར་པའི་སྐྱེ་དངོས་རིགས་གང་མང་གསར་དུ་ཐོན་བྱུང་བ་རེད། ང་ཚོས་བྲག་རྡོའི་ཟིན་ཐོའི་ཁྲོད་སྒོ་ང་ལས་སྐྱེས་པའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་ཤིག་རྙེད་བྱུང་སྟེ། དེ་ཚོ་ནི་ཆུ་ནང་དུ་དུས་ཡུན་ངེས་ཅན་རིང་འཚོ་དགོས་པའི་སྦལ་བའི་ལྕོང་མོ་དང་མི་འདྲ་བར། སྒོ་ང་ལས་མ་གྲོལ་གོང་ནས་ལུས་གཟུགས་ཆ་ཚང་མར་གྲུབ་ཟིན་པ་དང་། སྒོ་ང་ལས་གྲོལ་མ་ཐག་སྐམ་སའི་སྟེང་འཚོ་སྡོད་བྱེད་ཐུབ་པ་ཞིག་རེད། སྐབས་དེའི་སྲོག་ཆགས་དག་ལ་མངལ་དུ་གནས་དུས་མུར་ལྕིབས་ཀྱི་གས་སྲུབས་གྲུབ་ཡོད་པ་འདྲ་མོད། མངལ་ལས་སྐྱེས་རྗེས་མེད་པར་གྱུར་པ་རེད་དེ། འདི་ལྟར་ལྕོང་མོའི་རིགས་བཞིན་གྱི་འཕེལ་རིམ་བརྒྱུད་མི་དགོས་པའི་སྲོག་ཆགས་དག་ནི་གོག་བགྲོད་རིགས་ཀྱི་སྲོག་ཆགས་ཡིན། 

        དེ་དང་མཉམ་དུ་འབྲས་བུ་ཐོགས་ཐུབ་པའི་སྡོང་པོའི་རིགས་ཀྱང་ཐོན་པ་དང་། དེ་ཚོས་རང་ནུས་ཀྱིས་སོན་འདེབས་ཀྱི་ལས་འགན་འགྲུབ་ཐུབ་སྟེ། འདམ་རྫབ་དང་མཚེའུ་དག་ལ་བརྟེན་དགོས་མེད་པར་འདུག སྐབས་འདིར་ད་དུང་རྩྭ་རིགས་དང་མེ་ཏོག་བཀད་ཐུབ་པའི་རྩི་ཤིང་བྱུང་མེད་མོད། ཏ་ལ་དང་འདྲ་བའི་ལྕགས་སྡོང་རིགས་ཀྱི་རྩི་ཤིང་དང་ཚ་ཁུལ་གྱི་གསོམ་པ་དང་ཤུག་པའི་རིགས་ཀྱི་རྩི་ཤིང་སྣ་ཚོགས་སྐྱེས་ཟིན་འདུག རེ་རལ་རིགས་ཀྱི་རྩི་ཤིང་གི་སྣ་ཁ་ཧ་ཅང་མང་ཞིང་། འབུ་སྲིན་དག་ཀྱང་རིགས་ཇེ་མང་དུ་འཕེལ་བཞིན་འདུག སྐབས་དེར་སྦྲང་མ་དང་ཕྱེ་མ་ལེབ་ད་དུང་ཐོན་མེད་མོད། སྦུར་བ་ནི་གསར་དུ་བྱུང་འདུག་པ་རེད། གང་ལྟར་ཀྱང་། སྐབས་དེར་ངེས་པ་དོན་གྱི་སྐམ་སའི་རྩི་ཤིང་གསར་པའི་རིགས་ཡོད་ཚད་མྱུ་གུ་འབུས་འགོ་བརྩམས་ཟིན་ཏེ། ད་དུང་དུས་ཡུན་རིང་མོའི་འཁྱག་གྲང་གི་ལོ་ཟླ་བརྒྱུད་དགོས་རུང་། རང་ཉིད་སྐྱེ་འཕེལ་དང་འཚམ་པའི་ཕྱི་ཡུལ་གྱི་ཁོར་ཡུག་དང་འཕྲད་ཚེ་དེ་རྣམས་མྱུར་བ་མྱུར་དུ་སྐྱེ་འཕེལ་འབྱུང་ཐུབ་པར་འདུག །

        སའི་གོ་ལས་ཡུན་རིང་གི་འགྱུར་ལྡོག་ཆེན་པོ་བརྒྱུད་རྗེས། མཐའ་མཇུག་བརྟན་བརླིང་ལྷིང་འཇགས་ཀྱི་དུས་སྐབས་ཤིག་ལ་སླེབས་སོང་། གྲངས་མེད་པའི་ས་ཤུན་འགུལ་སྐྱོད་དང་སའི་གོ་ལའི་འཁོར་ལམ་གྱི་འགྱུར་ལྡོག སའི་གོ་ལའི་འཁོར་སྐྱོད་བརྒྱུད་ལམ་དང་སའི་གོ་ལའི་སྲོག་ཤིང་གི་ཟུར་ཚད་ཀྱི་འཕར་ཆག་སོགས་རྒྱུ་རྐྱེན་གང་མང་གི་ཤུགས་རྐྱེན་འོག སའི་གོ་ལའི་སྟེང་རྒྱུན་རིང་ཞིང་ཁྱབ་རྒྱ་ཆེ་བའི་དྲོ་འཇམ་གྱི་དུས་སྐབས་གསར་པ་ཞིག་གྲུབ་བྱུང་སྟེ། མི་རྣམས་ཀྱི་ཚོད་རྩིས་ལྟར་ན་དུས་སྐབས་འདི་མ་མཐའ་ཡང་ལོ་ངོ་དུང་ཕྱུར་2རིང་ལ་རྒྱུན་མཐུད་བྱས་འདུག སྐབས་འདི་དང་གནའ་སྐྱེ་དུས་རབས་དང་གདོད་སྐྱེ་དུས་རབས་(ཁྱོན་བསྡོམས་ལོ་ངོ་དུང་ཕྱུར་14)བར་ཁྱད་པར་འབྱེད་ཕྱིར་དང་། དེང་དུས་ཀྱི་གསར་སྐྱེ་དུས་རབས་དང་ཡང་ཁྱད་པར་འབྱེད་ཕྱིར་དུས་སྐབས་འདིར་བར་སྐྱེ་དུས་རབས་(སྐྱེ་དངོས་ཀྱི་དུས་རབས་བར་མ།)ཞེས་མིང་བཏགས་པ་ཡིན། སྐབས་འདིར་གོག་བགྲོད་སྲོག་ཆགས་རིགས་སྣ་ཚོགས་ཆེས་མང་ཞིང་དེ་ཚོས་སྲོག་ཆགས་ཁྲོད་དུ་གཙོ་ཁྲིད་ཀྱི་གོ་གནས་བཟུང་འདུག་པས། བར་སྐྱེ་དུས་རབས་འདི་ལ་གོག་བགྲོད་སྲོག་ཆགས་ཀྱི་དུས་སྐབས་ཞེས་ཀྱང་བརྗོད་དེ། ཧ་ལམ་ལོ་ངོ་ཁྲི་8000གི་ཡར་སྔོན་ལ་སླེབས་དུས་ད་གཟོད་དུས་རིམ་འདི་མཇུག་རྫོགས་པ་རེད། 
        ལྟོས་བཅས་ཀྱིས་བཤད་ན། ད་ལྟ་གོག་བགྲོད་སྲོག་ཆགས་ཀྱི་སྣ་རིགས་གོ་ལ་འདིའི་སྟེང་ཆེས་ཉུང་ངུར་གྱུར་འདུག་ལ། ཁོ་ཚོའི་ཁྱབ་རྒྱ་ཡང་ཧ་ཅང་ཚད་བཀག་ཅན་དུ་འདུག ཡིན་ནའང་། རྡོ་ཐལ་དུས་སྐབས་སུ་གོ་ལ་འདིར་མངའ་དབང་བསྒྱུར་མྱངས་པའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་དག་གི་ལྷག་ལུས་ཀྱི་རྗེས་རབས་པ་དང་བསྡུར་ན། གོག་བགྲོད་སྲོག་ཆགས་ཀྱི་སྣ་རིགས་ཀྱང་མང་པོ་འདུག་སྟེ། དེང་དུས་ད་དུང་སྦྲུལ་དང་རུས་སྦལ། རྒྱ་མཚོའི་རུས་སྦལ། ཆུ་སྲིན་མཆུ་རིང་། རྩངས་པ་སོགས་གོག་བགྲོད་རིགས་ཀྱི་སྲོག་ཆགས་གང་མང་གོ་ལ་འདིའི་སྟེང་འཚོ་སྡོད་བྱས་ཡོད། འོན་ཀྱང་སྲོག་ཆགས་འདི་དག་ལོ་ཁོར་མོ་ཡུག་ཏུ་དྲོ་འཇམ་གྱི་ཁོར་ཡུག་ཁྲོད་འཚོ་གནས་བྱེད་པ་ལས་འཁྱག་གྲང་གི་ཁོར་ཡུག་ཁྲོད་འཚོ་སྡོད་བྱ་ཐུབ་པ་མ་ཡིན། བར་སྐྱེ་དུས་རབས་ཀྱི་གོག་བགྲོད་སྲོག་ཆགས་དག་ལ་ཡང་ཧ་ལམ་འདི་ལྟའི་ཁོར་ཡུག་གི་ཚད་བཀག་ཐེབས་ཡོད་སྲིད་དེ། ཁོ་ཚོ་ནི་དྲོ་འཇམ་གྱི་ཁོར་ཡུག་ཁྲོད་འཚམ་པའི་སྲོག་ཆགས་ཡིན་པས། དྲོད་ཁུལ་གྱི་ནགས་ཚལ་སྟུག་པོའི་ཁྲོད་འཚོ་བར་གོམས་ནས་འཁྱག་གྲང་ཅུང་ཙམ་ཡང་བཟོད་ཐུབ་མི་འདུག འོན་ཀྱང་། སའི་གོ་ལའི་སྟེང་མཇུག་མཐར་དངོས་གནས་སྐམ་ཤས་ཅན་གྱི་ས་ཐོག་ཏུ་འཚོ་ཐུབ་པའི་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་གསར་དུ་ཐོན་བྱུང་ལ། དེ་དག་ནི་སྐྱེ་དངོས་རིགས་ཀྱི་རྫོགས་ལྡན་བསྐལ་བ་སྟེ། འདམ་རྫབ་དུས་སྐབས་ཀྱི་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་དང་ཁྱད་པར་ཧ་ཅང་ཆེ། 
        སྐབས་དེའི་གོག་བགྲོད་སྲོག་ཆགས་ཀྱི་སྣ་རིགས་ནི་དེང་དུས་ང་ཚོས་མཐོང་ཐུབ་པའི་རུས་སྦལ་དང་རྒྱ་མཚོའི་རུས་སྦལ། ཆུ་སྲིན་མཆུ་རིང་ཆེན་མོ། རྩངས་པའི་རིགས་སྣ་ཚོགས་དང་སྦྲུལ་སོགས་ལས་ལྡབ་འགྱུར་གྱིས་མང་། དེའི་ཁྲོད་ད་ལྟ་སའི་གོ་ལའི་སྟེང་རྩ་སྟོངས་སུ་ཕྱིན་པའི་ཁྱད་མཚན་ཅན་གྱི་སྲོག་ཆགས་ཀྱང་རིགས་མང་པོ་ཡོད་ཅིང་། སྲིན་འབྲུག་གི་རིགས་ནི་ལྷག་ཏུ་མང་། སྐབས་དེར། རེ་རལ་རིགས་ཀྱི་རྩི་ཤིང་དང་འདམ་རྩྭ་ལ་སོགས་པས་ངོས་སྙོམས་པའི་ས་དམའ་ཤོས་རྣམས་ཡོངས་སུ་ཁེབས་ཡོད། བར་སྐྱེ་དུས་རབས་ནང་། རྩྭ་བཟའ་བའི་གོག་བགྲོད་སྲོག་ཆགས་རྣམས་ཀྱི་འཕེལ་ཁ་ཧ་ཅང་མགྱོགས། ཁོ་ཚོས་ཕུན་སུམ་ཚོགས་པའི་རྩི་ཤིང་དེ་དག་ཟས་སུ་བཟའ་སྟེ། གཏོས་ཆེ་བའི་གཟུགས་གཞི་ནི་སྔོན་མའི་སྐམ་ཆུ་གཉིས་འཚོ་ཡི་སྲོག་ཆགས་རིགས་ཡོད་ཚད་ལས་ཆེ་བས། ཕལ་ཆེར་རྒྱ་མཚོའི་ནང་གི་ཆུ་སྲིན་ཁོ་ནས་དེ་དག་དང་ཆེ་ཆུང་འགྲན་བཟོད་པ་ཙམ་ཡིན། དཔེར་ན་གདུང་འབྲུག་ལ་མཚོན་ན། ཁོའི་སྣ་རྩེ་ནས་རྔ་རྩེ་བར་གྱི་རིང་ཐུང་ལ་དབྱིན་ཁྲུ་84(སྨི་26)ཡོད་ཅིང་། སྲིན་འབྲུག་ཆེན་པོ་ནི་དེ་ལས་ཀྱང་ཆེ་སྟེ། རིང་ཚད་ལ་དབྱིན་ཁྲུ་100(སྨི་30)ཡོད། འོན་ཀྱང་གཅིག་ལ་གཅིག་ཟའི་གཟན་ཕྲེང་ལས་སྲིན་འབྲུག་འདིའི་རིགས་བཙན་དྲག་ཅན་དེ་ཡིན་སྙམ་མི་རུང་སྟེ། དེ་ཚོ་ཟས་སུ་བཟའ་མཁན་ནི་ཏག་ཏག་ཁོ་ཚོ་ལས་གཟུགས་གཞི་ཆེས་ཆུང་བའི་ཤ་གཟན་རིགས་ཀྱི་སྲིན་འབྲུག་ཡིན་ལ། སྲིན་འབྲུག་བཙན་པོ་ཡང་དེ་འདྲའི་ཤ་གཟན་གྱི་རིགས་ཤིག་ཡིན། འབྲེལ་ཡོད་དཔེ་ཆ་གང་མང་དུ་སྲིན་འབྲུག་བཙན་པོ་ནི་ནམ་རྒྱུན་གཞན་གྱིས་འགྲན་མི་བཟོད་པའི་ཆེས་གདུག་རྩུབ་ཅན་གྱི་གོག་བགྲོད་སྲོག་ཆགས་ཤིག་ཏུ་ཞིབ་འབྲི་བྱས་འདུག ། 
        སྲོག་ཆགས་ཆེན་པོ་འདི་དག་གིས་བར་སྐྱེ་དུས་རབས་ཀྱི་ནགས་ཚལ་སྟུག་པོའི་ནང་རེ་རལ་རིགས་ཀྱི་རྩི་ཤིང་གི་ལོ་མ་དང་རྒྱུན་སྔོ་རྩི་ཤིང་ཁྲོད་ཁ་ཟས་འཚོལ་ཞིང་ཕན་ཚུན་བདའ་འདེད་བྱེད། སྐབས་དེར་དེང་དུས་རྩ་སྟོངས་སུ་ཕྱིན་པའི་སྲིན་འབྲུག་གི་རིགས་ཤིག་འཕེལ་འགྱུར་བྱུང་ནས་ཕ་ཝང་གི་གཤོག་པ་ལྟ་བུའི་ལག་ཟུང་བརྐྱངས་ཏེ་འབུ་སྲིན་རིགས་འཛིན་པར་མ་ཟད། ད་དུང་རང་གི་རིགས་མཐུན་རྣམས་ཀྱང་འདེད་གསོད་ཀྱིས་ཟས་སུ་སྤྱོད་བཞིན་ཡོད། དང་ཐོག་ཁོ་ཚོས་མཆོང་ལྡིང་ཙམ་མ་གཏོགས་བྱེད་ཐུབ་བཞིན་མེད་མོད། རྗེས་སུ་འཕེལ་འགྱུར་བྱུང་ནས་ནགས་ཚལ་གྱི་སྡོང་ལོ་དང་ཡལ་འདབ་སྟེང་ནས་འཕུར་སྐྱོད་ཐུབ་པའི་སྲོག་ཆགས་སུ་གྱུར་ལ་འདི་ནི་འབྲུག་གཤོག་ལག་ཅན་ཞེས་པ་དེ་ཡིན། དེ་དག་ནི་ཆེས་ཐོག་མར་འཕུར་སྐྱོད་བྱེད་བཞིན་པའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་ཡིན་ལ། ཁོ་ཚོས་སྒལ་ཚིགས་ཅན་གྱི་སྲོག་ཆགས་དག་གི་འཕེལ་རྒྱས་ལོ་རྒྱུས་སྟེང་དུས་རབས་གསར་པ་ཞིག་བསྐྲུན་བྱུང་། 
        གཞན་ད་དུང་སྐབས་དེའི་གོག་བགྲོད་རིགས་ཀྱི་སྲོག་ཆགས་ཁ་ཤས་ཕྱིར་མཚོ་ནང་དུ་ཕྱིན་ཡོད་པ་དང་། དེའི་ནང་ཆུར་རྐྱལ་ཤེས་པའི་སྲོག་ཆགས་རིགས་གསུམ་ཁོ་ཚོའི་གནའ་སྔ་མོའི་མེས་པོ་དག་འཚོ་སྡོད་བྱས་མྱངས་པའི་རྒྱ་མཚོར་ཕྱིན་ཡོད་དེ། དེ་དག་ནི་ཚིང་འབྲུག་དང་འབྲུག་སྦྲུལ་སྐེ་ཅན། ཉ་འབྲུག་བཅས་ཡིན་ཞིང་དེ་དག་ལས་འགའ་ཡི་གཟུགས་གཞི་ནི་དེང་དུས་ཀྱི་ཆུ་སྲིན་དང་ཆེ་ཆུང་མཉམ། ཉ་འབྲུག་ནི་ཕལ་ཆེར་སྒོ་ང་གཏོང་བའི་སྐབས་སུ་ད་གཟོད་རྒྱ་མཚོར་འགྲོ་བ་འདྲ་མོད། འབྲུག་སྦྲུལ་སྐེ་ཅན་གྱི་རིགས་མཐུན་ནི་སྔ་མོ་ནས་བཙལ་མི་ཐུབ་པར་འདུག སྲོག་ཆགས་འདི་དག་ལ་གཏོས་ཆེ་བའི་གཟུགས་ཕུང་ཡོད་པ་མ་ཟད། ཆུར་རྐྱལ་ཐུབ་པའི་དབང་པོ་ཡང་ཚང་བས། ན་འདམ་དང་ཆུ་སྲབ་ས་རུ་རྐྱལ་བ་དང་གོག་བགྲོད་བྱེད་པར་ཧ་ཅང་འཚམ། ཁོ་ཚོའི་དུག་སྦྲུག་ཆེན་པོའི་སྐེ་ལྟ་བུའི་མགྲིན་པ་ནི་བྱ་ངང་པའི་མགྲིན་པ་ལས་ཀྱང་རིང་དུ་ཡོད་ཅིང་། དེའི་སྟེང་དུ་མགྲིན་པ་དང་དོ་མི་མཉམ་པའི་མགོ་བོ་ཆུང་ཆུང་ཞིག་ཡོད། འབྲུག་སྦྲུལ་སྐེ་ཅན་གྱིས་བྱ་ངང་པ་ལྟར་ཆུ་ཁར་རྐྱལ་བའི་དུས་མཚུངས་སུ་ཁ་ཟས་འཚོལ་ཐུབ་པ་མ་ཟད། ཆུ་ནང་དུ་འཛུལ་ནས་ཉ་ལ་སོགས་པའི་སྲོག་ཆགས་གཞན་ཡང་འཛིན་ཐུབ། 
        གོང་དུ་བཤད་པ་དག་ནི་བར་སྐྱེ་དུས་རབས་ཀྱི་སྐམ་སའི་སྲོག་ཆགས་གཙོ་ཤས་དག་གི་འཚོ་བའི་རྣམ་པ་ཡིན། ད་ལྟའི་མིའི་རིགས་ཀྱི་ཚད་གཞི་ལྟར་གཞལ་བསྡུར་བྱས་ཚེ། སྲོག་ཆགས་འདི་དག་ནི་དེའི་ཡར་སྔོན་གྱི་སྲོག་ཆགས་ཐམས་ཅད་ལས་འཕེལ་འགྱུར་བྱུང་བ་ཆེས་ལེགས་ཏེ། གཟུགས་གཞི་ཆེས་ཆེ་བ་མ་ཟད། ཁྱབ་རྒྱ་ཧ་ཅང་ཆེ་ཞིང་ལྷག་ཏུ་སྟོབས་ཤུགས་དང་ལྡན་ལ། ཁོར་ཡུག་དང་འཚམ་པར་སྐྱེ་སྟོབས་ཀུན་ནས་རྒྱས་འདུག སྐབས་དེར། རྒྱ་མཚོའི་ནང་ད་དུང་དེ་ལྟའི་འཕེལ་འགྱུར་ཆེར་བྱུང་མེད་མོད། རྣམ་པ་གསར་པའི་སྲོག་ཆགས་རིགས་མང་པོ་ཞིག་གསར་དུ་ཐོན་པ་དང་། ནང་གསེས་སུ་རིགས་མང་པོ་འདུག དེ་ཚོར་དུང་ལྟར་འཁྱིལ་བའི་སྐོགས་ཤུན་གྲུབ་ཡོད་ཅིང་། ལུས་པོའི་ཆ་ཤས་མང་ཆེ་བ་སྐོགས་ཤུན་ནང་བསྐྱིལ་བར་བྱེད་འདུག སྲོག་ཆགས་འདི་དག་གི་མེས་པོ་རྣམས་གནའ་སྐྱེ་དུས་རབས་ཀྱི་སྐབས་ནས་བཟུང་འཚོ་གཞེས་གནང་འགོ་ཚུགས་ནའང་བར་སྐྱེ་དུས་རབས་སུ་སླེབས་དུས་ད་གཟོད་མྱུར་དུ་འཕེལ་སྐྱེད་བྱུང་སྟེ་ཆེས་དར་རྒྱས་ཆེ་བའི་སྐབས་སུ་ཐོན་འདུག ད་ལྟ། སྲོག་ཆགས་འདི་དག་སྔ་མོ་ནས་རྩ་སྟོངས་སུ་ཕྱིན་ཅིང་། ཁོ་ཚོའི་ཆེས་ཉེ་བའི་ཤ་ཉེ་ནི་ཚ་ཁུལ་གྱི་རྒྱ་མཚོར་གནས་པའི་མུ་ཏིག་ནེ་ཙོ་དུང་རེད། གཞན་ཡང་། སྐབས་དེར་ཉ་རིགས་ཁྲོད་རྒྱུད་མང་དུ་སྤེལ་ཐུབ་པའི་རིགས་ཤིག་གསར་དུ་བྱུང་སྟེ། སྔོན་མའི་ལེབ་དབྱིབས་དང་སོ་དབྱིབས་ཀྱི་ཉ་ཁྲབ་སྐྱེས་འདུག་པའི་ཉ་རིགས་དག་དང་བསྡུར་ན། ཉ་རིགས་གསར་པ་འདིར་ཆེས་སྤུས་ལེགས་ཀྱི་ཉ་ཁྲབ་གྲུབ་འདུག་པ་མ་ཟད། སྐབས་འདི་ནས་བཟུང་དར་རྒྱས་བྱུང་འགོ་ཚུགས་ཏེ་གཙང་པོ་དང་མཚེའུ། རྒྱ་མཚོ་བཅས་སུ་ཕུལ་བྱུང་གི་གོ་གནས་བཟུང་ཡོད་པ་རེད། །
        2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1