༄༅།། རེ་སྨོན།

ཕུན་བདེ། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-02



ངས་ལོ་ཆུང་གི་སྣང་བ་གཏའ་མར་བཞག་ནས།
ཅི་ཡང་དྲན་མྱངས་ལ།

གང་ཡང་བྱས་མྱངས་མོད།

དེ་ཡང་མཐར་དེད་ན།

མི་ཞིག་གི་རེ་སྨོན་དེའི་ཆེད་ཡིན་པ་སུ་ལའང་གསལ་ངེས།

མི་རེར་རེ་སྨོན་རེ་ཡོད་ངེས་ལ།

དེ་ནི་ཞོགས་པ་དང་ས་སྲོད་ཀྱི་ཁ་དོག་ལྟར།

ལོ་ཟླ་རེ་རེ་ནས་རེ་རེར་འགྱུར་ཆོག་པ་ཞིག་ཡིན་སྲིད།

ངའི་དེང་སང་གི་རེ་སྨོན་ནི་མེ་ཏོག་རྣམ་པར་བཞད་པའི་དབྱར་ཁ་ཞིག་ལ་འཆི་རྒྱུ་དེ་ཡིན།

འཆི་ཁར་འཇིགས་སྐྲག་དང་སེམས་ཁྲལ་ཆུང་ངུར་འགྲོ་ཆེད།

ངའི་བུ་རབས་ཚད་རྒྱུད་ལ་ལྷིང་འཇགས་ཀྱི་གནས་མལ་ཞིག་སྩོལ་བར་དཀོན་མཆོག་གིས་གཟིགས་རོགས།

ང་ཤི་རྗེས་ཆར་པ་ཟམ་ཟིམ་ཞིག་འབབ་སྲིད་ན།

དེ་དུས་ཉི་འོད་རི་རྩེ་ལ་རྒྱག་པའི་ཞོགས་པའམ་ཡང་ན་ཕྱི་དྲོ་ཞིག་ཡིན་པར་སྨོན།

དེ་ནི་ཡར་མར་ལ་འགྲོ་མཁན་གྱི་མགྲོན་པོ་ཚོའི།

འབྲོག་མོ་དག་གིས་འོ་ཟོམ་ཁྱིམ་ལ་ཁུར་བའི་རྟེན་འབྲེལ་བཟང་པོ་དེ་མཐོང་ཐུབ་ཆེད་ཡིན།

2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས། 



རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1