གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

ཚེ་བརྟན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༠༥ཉིན།

༄༅།། བྲ་ཁྱོམ་དཔལ་བཟང་།


        མྱུར་ལམ་བསྐྱུར་རྗེས་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་ཕར་ཐང་ཆེན་གྱི་ཕྱོགས་སུ་འགྲོ་དུས་བྱེ་རླུང་གིས་ནམ་མཁའ་ཧྲིལ་པོ་གཡོགས་ནས་མིག་ཀྱང་ཕྱེ་མི་ཐུབ་པའི་ཚད་དུ་ལྷུང་། ལམ་བར་དུ་ནོར་གནག་ཁེར་འགྲོ་ཞིག་དང་དགོ་བ་ཁེར་འགྲོ་ཞིག་ལ་ཐུག་ཅིང་། ནོར་དེའི་མིག་ཟུང་དུ་བྱེ་མས་གང་ཞིང་ང་ཚོ་དང་ང་ཚོའི་ཕྱོགས་ཀྱི་རླངས་འཁོར་ལ་བལྟས་ནས་འཚོལ་སྙེག་གི་རེ་བ་ཞིག་འཚོལ་བཞིན་པ་དང་འདྲ། ཡིན་ནའང་ཕན་ཚུན་ལ་ཧ་ཅང་འུ་ཐུག་ཐབས་ཟད་ཀྱི་མིག་བརྡ་རེ་བསྟན་ནས་བྲེལ་བྲེལ་འཚུབ་འཚུབ་ངང་ཕན་ཚུན་ལ་ཅེར། ཕྱིར་རླངས་འཁོར་དུ་བུད་ནས་རང་གི་མིག་ཟུང་དུ་སོང་བའི་བྱེ་མ་དག་ལག་པས་འཕུར་འཕུར་འགའ་བྱས་རྗེས་སྔར་བཞིན་མཛོད་དགེའི་ཕྱོགས་སུ་སོང་། 


        རླངས་འཁོར་ནང་གི་ལོ་ན་70ལོན་པའི་རྒན་པོ་ཞིག་གིས་བཤད་རྒྱུར། ཁོ་ལོ་16ཡིན་དུས་མཛོད་དགེའི་རྩྭ་ཐང་གི་རྩྭའི་གཏིང་མཐུག་ཅིང་རྩྭ་རྐང་རིང་བས་རྟ་བཞོན་ཏེ་སོང་ན་ཡོབ་ཆེན་དང་ལྷམ་ཡང་རྩྭ་ཡི་ཟིལ་པས་བརླན་པར་བྱེད་ལ། མུ་མཐའ་མེད་པའི་ན་ཐང་ཆེན་པོར་མཚོ་དང་མཚེའུ། བྱ་བྱེའུ་སྣ་ཚོགས་ཀྱིས་ཁེབས་ཤིང་། སྤང་ཐང་གཡུ་ཡི་གདན་འདྲ་བར་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་ལྟ་ན་སྡུག་པ་ཞིག་ཡིན། ཡིན་ནའང་1965ལོ་ནས་1973ལོའི་བར་རྩྭ་ས་ཇེ་ཆེར་གཏང་དགོས་ཟེར་ནས་ན་ཐང་གི་རིང་ཚད་སྤྱི་ལེ་300ཙམ་གྱི་ན་ཆུ་རྐ་ལ་དྲངས་པས་ན་ཐང་རིམ་གྱིས་བསྐམས་ཤིང་རི་དྭགས་དང་བྱ་རིགས་འཁོར་ས་མེད་པས་ཡུན་གྱིས་ཇེ་ཉུང་དུ་སོང་། ཁྲ་མཚོ་་སོགས་མཚོ་ཆེན་མང་པོ་རིམ་གྱིས་ཇེ་ཆུང་དུ་སོང་། དེ་ལྟར་ན་ཐང་གི་ཆུ་དང་ཆུ་མིག ཆུ་ནག་རྣམས་ཀྱང་རིམ་གྱིས་བསྐམས་ནས་སྐྱ་རྐང་ཅི་དགར་འགྲོ་ཐུབ།  ད་དུང་སྐབས་དེར། ཐང་ཡངས་པའི་སྤང་ལྗོངས་ཞིང་སར་བསྒྱུར་བས་དགུན་དུས་བྱེ་རྡུལ་གྱིས་རྩྭ་ཐང་བཀང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྩྭ་ས་བྱེ་མར་འགྱུར་བའི་འགོ་བཟུང་།


        ད་སྐབས། ས་ཆ་ལ་ལར་མཐའ་ཡས་ཤིང་ཆུ་མདོག་དྭངས་པའི་འདམ་ར་དང་མཚེའུ་རུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་བརྒྱས་བརྒྱན་པས། ལྷ་ཡུལ་བཞིན་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་མཐོང་ན་ཡུལ་འདིའི་བྲ་ཁྱོམ་དཔང་བཟང་ཟེར་བའི་ན་གཞོན་ཞིག་གི་སྣེ་ཁྲིད་འོག་འབྲོག་དམངས་རྩྭ་ས་སྲུང་སྐྱོབ་ཚོགས་པ་བཙུགས་ནས་རྩྭ་ས་བྱེ་འགྱུར་སྔོན་འགོག་དང་། ན་འདམ་དང་ཆུ་མིག་སླར་གསོ་བྱས་ཤིང་། ཁོང་ཚོ་མཉམ་འབྲེལ་གྱིས་དཀའ་ལས་གང་མང་བརྒྱབ་པའི་འབྲས་བུ་ཡང་ཡིན། རྒན་པོ་འདིའི་ལབ་གླེང་དང་གཏམ་རྒྱུད་སྣ་ཚོགས་ལ་འདི་ནས་ཉན་པར་ཆས།  


གནད་སྨིན་དབུལ་སེལ་ཡོང་དགོས་ན་སྔོན་ལ་ངེས་པར་དུ་བྱེ་འགོག་བྱ་དགོས།
        ཟླ་6པའི་བདེ་ཐང་ས་ཁུལ་དུ་དབྱར་གཞུང་ཚེས་མོད། མཛོད་དགེ་མཐོ་སྒང་དུ་ད་རུང་མེ་ཏོག་ཁྲ་ལམ་མེར་བཞད་པའི་དཔྱིད་ཀ་ཡིན། མཐའ་ཡས་པའི་སྤང་ལྗོངས་སྟེང་དུ་སྙན་འཇེབས་ལྡན་པའི་རྫི་གླུའི་འགྱུར་ཁུགས་ཀྱིས་ཁྱབ་ཅིང་། སྦྲ་ནག་གི་ཁ་ཚབ་ལས་དུ་སྤྲིན་ཚོམ་བུ་དང་ཚོམ་བུ་བྱས་ནས་དགུང་ལ་མཆེད། མུ་འབྲེལ་རི་བོའི་འདབས་སུ་འབྲོག་པ་ཚོས་རྩྭ་ས་བྱེ་འགྱུར་སྔོན་འགོག་ལ་བརྟེན་ནས་ན་འདམ་བརླན་ས་“ཆུ་ཆོ།”སྲུང་སྐྱོབ་བྱེད་བཞིན་ཡོད།
        2010ལོ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་བཟང་ལ་རྩྭ་ཆུ་མོད་པའི་ཕྱུགས་ལས་ཀྱི་ལམ་བུ་ཞིག་རྒྱུན་འཁྱོངས་བྱས་ཤིང་། བྱེ་ས་བཅོས་སྐྱོང་བྱ་ཆེད། ནོར་གནག་གི་རྨིག་པས་རྩྭ་སོན་ས་འོག་ཏུ་བཅུག་པ་སོགས་ལས་ཀ་མང་པོ་ལས། ཡུལ་མི་ཨ་ནེ་ཞིག་གིས་བཤད་རྒྱུར། ང་ཚོའི་རུ་སྡེ་འདི་ནི་སྔོན་ཆད་ཡིན་ན་མཛོད་དགེ་ཕྱོགས་ནས་མྱི་དང་རྩྭ་ཆུ་གང་ཐད་ནས་དོ་ཟླར་ཡོང་བ་ཞིག་མེད་ཅེས་ལབ་ན་ཆོག ཡིན་ན་ནའང་། ལོ་ངོ་བཅུ་ཕྲག་འགའི་རིང་ཕ་ཡུལ་ལ་ཐན་པ་བྱུང་ནས་རྩྭ་རིགས་མང་པོ་ཞིག་མེད་པར་གྱུར་ལ་རི་མགོ་མང་པོ་ཞིག་ཚིག་ནས་བྱེ་མར་གྱུར་ཟིན། ལྷག་པར་དུ་ལོ་འདི་འགའི་རིང་ལ་རྩྭ་ཡིས་མ་འདང་བས་ཕྱུགས་ཟོག་མང་པོ་ཤི་བ་དང་། དངོས་ཟོག་གི་རིན་གོང་ཡར་འཕར་བ་དང་ཕྱུགས་ཟོག་གི་རིན་གོང་མར་ཆག་ནས་འབྲོག་པ་ཚོར་དཔལ་འབྱོར་ཉམས་ཉེན་བྱུང་། ང་ཚོ་སྡེ་པའི་དཔལ་བཟང་གིས་ཕ་ཡུལ་བྱེ་མར་འགྱུར་བཞིན་པ་དང་རྩྭ་ས་བྱི་ལོང་གིས་ཕུད་བཞིན་པའི་གནས་ཚུལ་ལ་སེམས་འཁུར་བྱས་ནས། ཕ་ཡུལ་དུ་བྱེ་ས་སྔོན་འགོག་བྱས་ནས་ལོ་དྲུག་ཙམ་འགོར། 

    2014ལོ་ནས་རྒྱལ་ཁབ་ཀྱིས་རྔ་བ་ཁུལ་གྱི་བྱེ་ས་སྔོན་འགོག་གི་རྣམ་གྲངས་ཆེས་ཆེ་བ་དེ་ང་ཚོའི་ཕ་ཡུལ་ནས་ལས་བཞིན་ཡོད་ལ། མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོའང་བལྟོས་འཇོག་གིས་བཟང་བས། དམངས་ཀྱི་འཚོ་བ་ལེགས་བཅོས་བྱུང་བཞིན་ཡོད་པའི་བཀའ་དྲིན་ཡང་ཁོང་དང་འབྲལ་ཐབས་མེད་ཟེར། 
དབུལ་སེལ་བྱ་དགོས་ན་ངེས་པར་དུ་བྱེ་འགོག་བྱ་དགོས།
    བྲ་ཁྱོམ་དཔལ་བཟང་། 1998ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་མཐར་ཕྱིན་ལ། ད་ལྟ་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་རྩྭ་སའི་སྐྱེ་ཁམས་འདེབས་འཛུགས་མཉམ་ལས་ཁང་དང་ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཉེ་འདབས་སུ་ཡོད་པའི་བྲ་ཁྱོམ་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ཁང་གི་འགན་འཁུར་བ་ཡིན།  མིག་སྔའི་བར་ཁོང་གིས་དཀའ་བ་སྣ་ཚོགས་ཁྱད་དུ་བསད་དེ་མཐུན་རྐྱེན་སྣ་ཚོགས་བརྩོན་ལེན་གྱིས་བོད་ཁུལ་དང་ནང་སྒོས་སུ་ཕ་ཡུལ་མཛོད་དགེའི་བྱེ་ས་གང་མང་བཅོས་སྐྱོང་གི་ཕྱོགས་ལ་འབད་པ་ལྷོད་མེད་གནང་ཞིང་། ཁོང་ལ་མི་རྣམས་ནས་བྱེ་འགོག་དཔའ་བོ་ཞེས་པའི་མཚན་གྱི་ཅོད་པན་གསོལ་བཞིན་ཡོད། ཁོང་གིས་སྐྱེ་ཁམས་ཀྱིས་གནད་སྨིན་དབུལ་སྐྱོར་བྱེད་པའི་འདུ་ཤེས་བཅིངས་ཏེ། སི་ཁྲོན་ནུབ་བྱང་མཐོ་སྒང་ས་ཁུལ་བྱེ་འགྱུར་ཁུལ་གྱི་དབུལ་སྐྱོར་མ་དཔེ་གསར་དུ་གཏོད། 


        བྲ་ཁྱོམ་དཔལ་བཟང་གིས་ཕ་ཡུལ་ཀིརྟི་ནས་བྱེ་འགོག་གི་ལས་གཞི་དངོས་སུ་འགོ་ཚུགས་པ་དང་། དེའི་ཕྱི་ལོ་ནས་བཟུང་། ས་གནས་འབྲོག་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་དང་ཉམས་མྱོང་གི་ཐབས་ལ་བརྟེན་ནས། བྱེ་མའི་ནང་དུ་རྩྭ་སོན་བཏབ་རྗེས་ནོར་གནག་དེད་དེ་རྨིག་གཞིས་རྩྭ་སོན་ས་འོག་ཏུ་བསྣོས་པ་དང་། ལོ་མང་རིང་བཅད་པའི་སྤོ་ཐོ་ཆག་པོས་བྱེ་མ་བཀབ་པ་དང་དེའི་བར་གསེང་ལ་རྩྭ་སོན་བཏབ། དེ་ནས་རྩྭ་ས་སོལ་འདུས་ཀྱི་ཞིབ་འཇུག་ལ་བརྟེན་ནས་བྱེ་ས་སྔོན་འགོག་བྱས་ཤིང་བྱེ་འགོག་ལས་གཞི་རྒྱ་བསྐྱེད་ངང་མགོ་བརྩམས། སྔ་རྗེས་སུ། ཀན་ལྷོ་རྨ་ཆུ་རྫོང་གི་འབྲོག་པ་ཁ་ཤས་ཀྱི་རེ་བ་ལྟར་འབྲོག་པ་རང་གི་མ་དངུལ་ལ་བརྟེན་ནས་རྩྭ་སོན་འདེབས་འཛུགས་ཀྱི་ལས་ཀ་བསྒྲུབས། གཙང་གསུམ་ཚོགས་པས་སྣེ་ཁྲིད་དེ། ས་གནས་འབྲོག་པ་ཚོ་དང་མཉམ་དུ་ཡུལ་ཤུལ་ཆུ་དམར་ལེབ་རྫོང་ནས་རྩྭ་ས་བྱེ་མར་གྱུར་དང་འགྱུར་བཞིན་པའི་ས་ཚུགས་མི་འདྲ་བ་གསུམ་ལ་ཚོད་ལྟའི་ལས་གཞི་བསྒྲུབས། ཁོང་གི་ལས་སྒྲུབ་ཁང་དེ་མཉམ་སྒྲུབ་ཁང་དུ་བསྒྱུར་ནས་རྫོང་སྲིད་གཞུང་ནས་ཐོ་འགོད་བྱས་ཤིང་། ལོ་འདི་དག་གི་རིང་ལ། ཡུལ་འདིའི་འབྲོག་དམངས་དང་མཉམ་འབྲེལ་གྱིས་དཀའ་ལས་གང་མང་བརྒྱབ་པ་རེད


        བྱེ་འགོག་ལས་གཞི་སྤེལ་བ་དང་ས་གནས་ཀྱི་འབྲོག་པས་ནོར་ལུག་འཚོ་སྐྱོང་གི་ཐབས་ལ་བརྟེན་ནས་བདག་སྐྱོང་གིས་བོད་ཁུལ་དབུལ་སྐྱོར་གྱི་རང་བྱུང་སྐྱེ་ཁམས་དང་སྤྱི་ཚོགས་སྐྱེ་ཁམས་ལ་དམིགས་ཤིང་། ཡུལ་བབ་ལ་བསྟུན་ནས་བྱེ་འགོག་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་ནས། བྱེ་འགོག སྐྱེ་ཁམས། ཐོན་ཁུངས། ཐོན་ལས། དབུལ་སྐྱོར་སོགས་དོ་མཉམ་ཅན་གྱི་དབུལ་སྐྱོར་ལམ་བུ་ཞིག་རྙེད། ལམ་བུ་གསར་པ་འདི་གཏོད་ནས་དམངས་སེམས་གཅིག་སྒྲིལ་བྱས་ཤིང་། ས་ཁུངས་གཅིག་གི་དམངས་འཚོ་ལེགས་བཅོས་བྱས་པར་བརྒྱུད། ཐོན་ལས་གཅིག་གིས་བྱེ་ཐང་ཞིག་ལྗང་མདོག་ཅན་དུ་འགྱུར་བར་འབད་པ་བྱས་ནས། སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ནས་གྲུབ་འབྲས་མང་པོ་ཞིག་བླངས་པ་རེད། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1