༄༅།། ཡེ་ཀྲིའི་སྙན་ངག་བདམས་བཀོད།

གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-06


 གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། 

        ཡེ་ཀྲིའི་ཡི་སྙན་ངག་ལ་1993ལོར་ “ཐོག་མཐའ་བར་གསུམ་དུ་ཚོར་བས་ཕྱུག་པའི་སྙན་ངག དེ་མིན་གྲུང་ཤ་དོད་པའི་སྒྱུ་རྩལ་གྱི་རྣམ་པས་མི་རིགས་ཐུན་མོང་གི་སྙིང་སྟོབས་མངོན་པར་མཚོན་ཡོད།” ཞེས་པའི་ཆོ་ལོ་བསྩལ་ཏེ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པ་རེད།


 1.   བརྩེ་དུང་གི་འཐུས་ཤོར།
སྨྲ་བསམ་བརྗོད་འདས་ཀྱི་འཐུས་ཤོར་ཞིག
བརྩེ་དུང་གི་སེམས་ཀྱི་ཟབ་སར་སྦས་པས།
ཉོ་ཚོང་ལ་རེམ་པའི་མི་དེ་དག
མགོ་ཐོག་ནས་ལམ་ལ་ཆས་པའི་སྤྲིན་པ་དེ་དག
བརླན་ཞིང་གྲང་ངར་གྱིས་ལྡང་བའི་རླུང་བུ།
ད་དུང་གྲིབ་བསིལ་གྱིས་གཡོགས་པའི་ཆིན་ཙི་ནགས་ཚལ།
གནས་དེ་རུ   སྐྱ་མདོག་གི་ཆུ་རྒྱུན་དངངས་ཀྱིས་འཕྱུར་ཞིང་།
ང་ཡི་སེམས་པ་སོང་བའི་མི་དེར་འཇིགས་སྣང་སློང་བཞིན་འདུག

2.ཁོས་བརྗེད་ཟིན་པའི་མཛེས་པ་དེ་དྲན་སོང་།
བདག་གི་ལག་དཔུང་གིས་ཁྱོད་རང་དམ་པོར་བཅིངས་དུས།
ངས་རང་ཉིད་ཀྱི་སེམས་པ་དེ་དྭངས་གཙང་གི་ཀློང་དུ་སྦྱར་བ་ཡིན་ཏེ།
འཇིག་རྟེན་འདིར་སྔར་ནས་བོར་ཟིན་པའི་དྭངས་གཙང་དེར་རོ།
རྒྱལ་པོ་དམག་དཔུང་གི་གྲས་སུ་འབྲོ་བཞིན།
སྨག་ནག་གི་རྫིང་བུར་གཡུགས་ཟིན་པའི་གཞལ་ཡས་ཀྱི་དབུ་ཞྭ་དེ།
རྨི་ལམ་རྨི་བཞིན་པའི་བུད་མེད་དེ་དག་གིས་ས་གདན་སྟེང་དུ་དངུལ་སྐུད་ཀྱིས་འཐག་བཞིན་པ་ནི།    
ཡོད་ཚད་ཁྱུར་མིད་བཏང་བའི་ཉ་མོ་ཚོན་པོ་དེའི་བརྩེ་དུང་གི་གཏམ་རྒྱུད་ཡིན།
འདས་ཟིན་པའི་ལོ་ཟླའི་ཁྲོད་བུད་མེད་ཀྱི་གནག་སྐྲར་འཛེར་བའི་རྒྱ་སེ་མེ་ཏོག
བུད་མེད་དེ་དག་ལྷ་ཡི་ཁྱམས་རར་འགྲོ་དུས།
ཚང་མའི་ལག་ཏུ་ཟིལ་བ་དང་འདྲ་བའི་ལུག་མཉེ་མེ་ཏོག་ཐོགས་ཤིང་།
ཁྱམས་རའི་ནང་དུ    སྐྱ་མདོག་གི་སྤྲིན་པ་ལེབ་མོ་དང་འདྲ་བའི་དུ་བ་ཡོམ་ཡོམ་འཕགས།
དཀོན་མཆོག་གི་སྤྱན་ཟུང་ད་བཟོད་འཛུམ་ཙམ་ཡང་མ་བྱས་པ་ནི།
དཀར་ཟིང་ཟིང་གི་བྲང་ཁ་དང་ཞེན་ཆགས་ཀྱི་ལག་པ་དེ་ནི།
འཆར་ཡན་གྱིས་ཁེངས་པའི་ས་ཞིང་ཞིག་ནས་ཡོང་བ་དང་།
དེ་ལས་ལྷག་པའི་འཆར་ཡན་གྱིས་ཁེངས་པའི་དུས་ཚོད་ཅིག་ནས་ཡོང་བས་རེད།
ཁྱོད་ཀྱིས་འོ་བྱེད་པར་ཡང་ཡང་དུངས་ཤིང་ཆགས་དུས།
ང་ཡིས་དཀར་མདོག་གི་མཛེས་ལྷས་ཀྱང་དེ་ལ་རེ་སྨོན་བྱེད་ཀྱིན་པ་མཐོང་།
དེ་ལྟ་བུའི་དུས་ལ།
ཡོད་ཚད་ཟིལ་ཐིགས་ལྟར་ཡལ་ཚར་ཡང་།
མེ་སྟག་སྟེང་གི་མེ་སྟག་དང་རྒྱ་མཚོའི་གཏིང་གི་རྒྱ་མཚོ།
ད་དུང་རྒྱལ་པོའི་བཞུགས་ཁྲི་དག་ཕན་ཚུན་མཐུད་པས།
ས་ཆ་དེ་དག་ལྷོད་ལྷོད་ངང་གཉིད་དུ་ཡུར་ཟིན།
ཁོ་ཚོའི་རལ་གྲི་ལྕགས་ལྟར་སྲ་བའི་པུས་མོའི་སྟེང་དུ་དཔྱངས།
ཁོ་མོས་རང་ཉིད་ཀྱི་ང་རྒྱལ་དང་ཁེར་རྐྱང་གི་གསང་བ་དེར་མནོ་བསམ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1