ཐུན་མིན་བརྐོས་རིས་རྒྱུན་འཛིན་བྱེད་མཁན་ཕུ་གསུམ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་།

བློ་གྲོས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 12-07


        བོད་ཀྱི་དཔེ་ཆ་དང་དར་ལྕོག་མང་པོའི་ཐོག་ཡིག་རིས་བཀོད་ཡོད་པ་དེ་དག་ཕུ་གསུམ་བརྐོས་རིས་ལག་རྩལ་གྱི་ཐོན་ཟོག་པར་ཤིང་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད།  མིང་གྲགས་ལྡན་པའི་རྨེ་རུ་དགོན་པའི་པར་ཁང་ནང་ཡོད་པའི་པར་ཤིང་ཡང་ཕུ་གསུམ་བརྐོས་རིས་ཀྱི་ཐོན་ཟོག་ཡིན། རྐོས་རིས་དེ་ཚོ་ཚང་མ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུ་གསུམ་ཤང་གི་མང་ཚོགས་ཚོའི་སོར་མོའི་རྩལ་ལས་ཐོན་པ་ཤ་སྟག་ཡིན།
 
        ཕུ་གསུམ་ཤང་གི་བརྐོས་དཀྲོལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དམངས་ཁྲོད་ཀྱི་གནའ་རབས་ལག་རྩལ་ཞིག་ཡིན།  ཤང་དེ་གའི་གྲོང་མི་ཕལ་ཆེར་གྱིས་ཚད་གཞི་མི་འདྲ་བའི་ཐོག་ནས་བརྐོས་དཀྲོལ་གྱི་ལག་རྩལ་དེ་ཤེས་པ་རེད།  སྤྱི་ལོ ༢༠༠༥ལོར་སྙེ་མོ་རྫོང་མི་དམངས་སྲིད་གཞུང་གིས་ཕུ་གསུམ་ཤང་ལ་བརྐོས་དཀྲོལ་དང་རི་མོའི་ཁྱད་ཆོས་སྒྱུ་རྩལ་ལྡན་པའི་ཤང་གི་མིང་བཏགས་པ་ནས་ཕུ་གསུམ་བརྐོས་དཀྲོལ་གྱི་གྲགས་པ་ཆེས་ཆེར་འཕེལ་ནས།  སྙེ་མོའི་དམིགས་བསལ་ཐོན་ལས་གསུམ་པའི་ཁོངས་སུ་གཏོགས་པའི་ཕུ་གསུམ་བརྐོས་དཀྲོལ་ལག་རྩལ་དེ་ཉིད་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཡང་ཚུད་ཡོད།  
 
        རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་རྒྱུར་མཐོང་ཆེན་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས།  སྤྱི་ལོ ༢༠༡༥ ལོར་ཕུ་གསུམ་ཤང་ཕུ་གསུམ་གྲོང་ཚོའི་གྲོང་མི་ནོར་བུ་དང་གྲོང་ཚོ་དེ་གའི་གྲོང་མི་ཁ་ཤས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཞིང་པའི་གཉེར་སྐྱོང་མཉམ་ལས་ཁང་བཙུགས་རྒྱུ་འགོ་བརྩམས་པ་དང་། གྲོས་ཞིབ་ཐེངས་འགའ་བྱས་རྗེས་ལོ་ངོ་ཉི་ཤུ་ཙམ་གྱི་བརྐོས་དཀྲོལ་ཉམས་མྱོང་ཡོད་པའི་མི་བདུན་གྱིས་ཐུན་མོང་མ་ཡིན་པའི་ཕུ་གསུམ་བརྐོས་རིས་རྒྱུན་འཛིན་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།  
 
        མཉམ་ལས་ཁང་དེའི་འགན་འཁུར་མི་སྣ་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན།  དང་ཐོག་མཉམ་ལས་ཁང་དེ་ཁོང་ཚོའི་ལས་གནས་ཙམ་མ་ཟད་སློབ་སྦྱོང་བྱེད་ས་ཞིག་ཀྱང་ཡིན།  ཐོག་མའི་པར་ཤིང་བདམས་ག་བྱེད་རྒྱུ་ནས་བཟུང་བརྐོས་རིས་གྱི་ཚིག་འབྲུ་རེ་རེ་བཞིན་བརྐོ་སྟངས་བར་ཁོང་ཚོས་ཕན་ཚུན་སློབ་སྦྱོང་དང་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད་པར་བརྟེན།  རིམ་བཞིན་ཁོ་ཚོའི་བརྐོས་དཀྲོལ་གྱི་ལག་རྩལ་དེ་བས་བྱང་ཆུབ་ཏུ་ཕྱིན་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1