གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

བེ་དུང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༠༨ཉིན།

༄༅།། ང་མ་ཡུམ་གྱི་པང་ནས་ནར་སོན།

        འོད་སྣང་གིས་བཀྱགས་པའི་ས་ཆེན་གྱི་མ་ཡུམ་ལགས།

        ང་ཁྱེད་ཀྱི་བྱམས་བརྩེའི་པང་དུ་མ་ལོག་པའི་གནས་སྐབས་དེར་ཡོད་ཚད་སྨག་རུམ་གྱིས་གཏུམས་ཤིང་ཤེས་རིག་གིས་དབུལ་བའི་ལོ་ཟླ་སྐྱ་བོ་ཞིག་ཡིན། དུས་དེར་ཅི་ཡང་མི་ཤེས་པའི་འབྲོག་ཕྲུག་རྣལ་མ་ཞིག་སྟེ། ཁོད་ཡངས་པའི་ལྗང་མདོག་གི་རྩྭ་ཐང་ནས་སྐར་ཚོགས་ལྟ་བུའི་རྟ་ནོར་ལུག་གསུམ་གྱི་རྐང་རྗེས་འདེད་མཁན་དང་རི་སུལ་གྱི་རྫི་གླུ་སྙན་མོར་རྣ་བ་གླགས་མཁན་ལས་ངས་ནི་གཞི་ནས་ཅི་ཡང་འཁྱོང་མི་སྲིད།
        ཆར་རླུང་དྲག་ཏུ་འཕྱོ་བའི་སྒྲ་དབྱངས་ལ་ཉན་ཞོར་སྔོ་ཡུག་ཡུག་གི་ཁོར་ཡུག་ན་ཁུ་སིམ་མེར་གཉིད་ཡོད། ཕུགས་འདུན་དང་རེ་སྙེག་གི་མནོ་བསམ་ཅི་ཡང་མེད་པར་སྐྱ་ཐང་ཐིང་གི་འབྲོག་ཐང་ན་གཏི་མུག་གིས་བསྡམས་ཡོད།
        མ་ཡུམ་ལགས། ཁྱེད་ཀྱིས་ང་ལ་ནམ་མཁའ་བཟོས་ཡོད་གཤོག་པ་བཏེགས་ཡོད། བམ་མཐུག་པའི་གཏི་མུག་དེའི་སྒེའུ་ཡོལ་ཕྱེ་མཁན་དེ་ཁྱེད་རང་ཡིན། མ་ཡུམ་ལགས། ངའི་མགོ་ཐོག་ན་དྲོད་ཁོལ་གྱིས་འཚེར་བའི་མཁའ་ཡི་ཉི་མ་སེར་བོ་དེ་ཁྱེད་རང་ཡིན་ལ། ངའི་མིག་ཟུང་དུ་བསིལ་འཇམ་གྱིས་འཁྱུད་པའི་དབྱིངས་ཀྱི་ཟླ་འོད་དེའང་ཁྱེད་རང་ཡིན།
        ངས་དབྱངས་གསལ་གྱི་ཞབས་རྗེས་འཚོལ་སའི་མ་ཡུམ་སློབ་གྲྭ།
        ངའི་དབུགས་རྒྱན་གྱི་ཚེ་སྲོག་རྙེད་སའི་མ་ཡུམ་སློབ་གྲྭ།
        ངའི་རྣམ་ཤེས་ཀྱི་གཙང་པོ་མ་སྐམ་ན་རྟག་ཏུ་ཁྱེད་རང་བརྗེད་མི་སྲིད་ལགས།
        གཞན་ཕན་མངའ་ཐང་གི་འཇོན་ནུས་ལ་གསོན་ཤུགས་རྒྱས་པའི་གནས་མཆོག་དེ་ནི་མ་མ་ལྟ་བུའི་བྱམས་བརྩེ་དང་ལྷག་བསམ་གྱིས་ཁེངས་པའི་བདག་གི་མ་ཡུམ་ལགས། ཤེས་རིག་ཡོན་ཏན་གྱི་རྟ་རྒོད་ལ་གཤོག་པ་ཐོགས་ཤིང་མཐུན་སྒྲིལ་ཨ་ལོང་གི་ཉ་མོ་ལ་འཁྱུག་རྩལ་ལྡན་པའི་གསེར་མདོག་གི་མ་ཡུམ་སློབ་གླིང་རེད།
        ད་དུང་བརྩེ་སེམས་ཆུ་འཛིན་གྱི་ཚོམས་ཆེན་གཅིག་གིས་གཅིག་ལ་སྦྲེལ་ཏེ་འཆད་པ་སྐལ་བཟང་ཐོས་པའི་མཛོད་བདག་དང་རྩོད་པ་རིགས་ལམ་ཕྲ་མོའི་མེ་ཕུང་། རྩོམ་པ་དབྱངས་ཅན་ལྷ་མོའི་ངག་རིག་གི་བྱིན་རླབས་འཁོར་སའི་སུམ་རྩེན་གྱི་དག་ཞིང་ངོ་མ་ཞིག་སྟེ། དྲན་དབང་གི་བྱ་བཞག་ལྷུན་གྱིས་འགྲུབ་སའི་སྙན་ངག་གི་ཕ་ས་སྨུག་པོ། ང་ཡི་མ་ཡུམ་སློབ་གླིང་ཡིན།
        ཁྱེད་ནི་ངའི་སྨྲ་ལྕེ་ལ་ཚེ་སྲོག་གི་གཤོག་ཟུང་སྩོལ་མཁན་གྱི་ཚངས་སྲས་ལྷ་མོ་ཡིན། ཁྱེད་ནི་ངའི་སེམས་ནང་ལ་དྲོད་ཐིག་གནང་མཁན་གྱི་ཉི་མའི་འོད་ཟེར་དང་ཐབ་ཀྱི་མེ་ལྕེ་ཡིན།
        ངོ་མཚར་གྱི་མ་ཡུམ། ང་ཁྱོད་ཀྱི་པང་དུ་ལོག་པ་ནས།
        ཁྱེད་ཀྱིས་ང་རང་བྱམས་ཀྱིས་སྐྱོང་ཞིང་། རུས་དང་རྐང་ལ་ཟུག་པའི་སློབ་གསོའི་ཉིང་ཁུ་རེ་རེ་ངས་ཉི་མ་རེ་དང་ཟླ་བ་རེ་རེ་གཏན་ནས་བརྗེད་མི་སྲིད།
        མཐོང་རྒྱ་ཡངས་པའི་མཛེས་སྡུག་གི་སྤྱོད་ལམ་དེའི་ཐུ་འོག་ནས་འུར་འུར་ཟང་ཟིང་གི་འཇིག་རྟེན་དང་ང་རྒྱལ་ཁེངས་དྲགས་ཀྱི་གཡུལ་ས་རྫོབ་པོ་དག་མཐོང་རྒྱུ་མེད་ལ།
        ངའི་མ་རིག་པའི་རྨོངས་བློ་སྟུག་པོ་དེའི་ཀློང་དུ་འོད་ཟེར་གྱི་ས་བོན་གཏོར་བ་ཇི་བཞིན་གསལ་ལེར་ཤེས་སོང་ལགས།
        ཀྱེ་ཀྱེ། ང་ཡི་མ་ཡུམ་སློབ་གླིང་།
        སྔོན་ཆད་དེར་ཁྱེད་ནི་དབུལ་བོ་དབུལ་རྐྱང་གི་གྲྭ་བ་དག་གི་རྔུལ་ཆུས་བཞེངས་པའི་གྱང་རལ་ཐར་ཐོར་ཞིག་ཡིན། སྐྱ་ཆད་སྔོ་སྡུག་གི་འཚོ་བ་འཁྱག་པ་དེའི་ཧྲག་བར་ནས།
        དགོང་འཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་ཁྱེད་ཉིད་དུས་རྟག་ཏུ་ཡིད་ཀྱི་དབང་བོར་སྒོམ་བཞིན་ཡོད། མ་ཡུམ་ལགས།
        ཁྱེད་ཀྱི་ཆེད་དུ་མཛུབ་རྩ་ཁྲག་གིས་བརླན་ཞིང་མཛུབ་མགོ་རྣག་གིས་ཟིན་པའི་དཀའ་ངལ་གྱི་ལོ་ཟླ་རིང་མོ་ཞིག རིགས་ཞེན་གྱི་བློ་སྤོབས་འཁྲུངས་པའི་མི་རྐྱང་དེ་དག་སུ་ཞིག་ཡིན་ནམ། སུ་ཡིས་ཚོར་ཡོད།
        མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས་ལ།
        ཁྱེད་ནི་མཚན་སྨག་ཏུ་ཤུགས་ཀྱིས་མཆེད་པའི་མུན་སེལ་གྱི་སྒྲོན་མེ་སེར་པོ་ཞིག
        འཛམ་གླིང་གི་ས་འཛིན་མཐོན་པོའི་རྩེ་རུ་སྐལ་བའི་བར་དུ་མཆེད་སྲིད།
        ངེས་དོན་མཁས་དབང་སྟོང་ཕྲག་གིས་མཐའ་ནས་བསྐོར་བའི་ལྔ་རིག་གི་བང་མཛོད་ཆེན་མོ། མ་ཡུམ་ལགས།
        ངའི་དེ་རིང་གི་བློ་སྤོབས་དང་རེ་སྙེག་གི་ལམ་ཕྲན་དེ་དག་ཤུགས་ཀྱིས་བརྒལ་ཡོད། སུས་ཀྱང་རྐུ་འཕྲོག་བྱེད་མི་ཐུབ་པའི་འབྲས་རྟགས་འདི་ཁྱེད་ཀྱིས་ང་ལ་གནང་བའི་གསེར་གྱི་འཁོར་ལོ་རིན་ཐང་བྲལ་བ་ཞིག་ཡིན་པ་གཞི་ནས་རྟོགས་སོང་། དགེ་མཚན་དངུལ་གྱི་ཁ་བཏགས་ལས་དཀར་བ་ཞིག་ཡིན་པ་ཀུན་ནས་ངས་ཤེས་ཡོད། སྙིང་གི་མ་ཡུམ་ལགས།
        འདས་པའི་མཐའ་མར་འབྲལ་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། ཁྱོད་ཀྱི་གམ་ནས་གཤོག་པ་ཐོགས་པའི་བྱེའུ་ང་། རེ་ཞིག་མལ་ཚང་དང་རིང་དུ་གྱེས་སོང་མོད། སྐྱིད་སྡུག་གི་ལོ་ཟླ་རིང་མོར་ཡིད་དཔྱོད་བྱས་ཚེ། ཁོག་གི་སྙིང་དང་སྙིང་གི་འཕར་སྒྲ་ནི་མ་ཡུམ་སློབ་གླིང་ཁྱེད་རང་ལོས་ཡིན།
        ཁྱེད་ཀྱི་དྲོད་འཇམ་ལྡན་པའི་ལག་ཟུང་དེའི་དཀྱིལ་ནས་ངས་མཛེས་པའི་མེ་ཏོག་དང་བདེ་སྐྱིད་ལྷ་ཡུལ།
        ད་དུང་རང་བཞིན་གྱི་བརྩེ་དུང་ཀི་མར་ལོ་སྣུམ་པོ་དག་ལྷོད་ཀྱིས་མྱངས།
        མ་ཡུམ་ལགས་ཁྱེད་ནི་མི་རིགས་ཀྱི་བླ་སྲོག་གསོན་པོ་ཞིག་དང་།
        ཕ་སྐད་ཀྱི་སྒལ་ཚིག་བརྟན་པའི་ཕ་གཞིས་གཙང་མ་ཡིན། མ་ཡུམ་ལགས། ། 
        2016ལོའི་《གངས་ལྗོངས་ཉི་གཞོན།》དེབ་6པ་ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1