༄༅།། ཚེ་རིང་རྣམ་དྲུག་དང་བཀྲ་ཤིས་རྟགས་བརྒྱད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17


         སྭ་སྟི་བི་ཛ་ཡནྟུ། སྔོན་དུས་མ་ཧཱ་ཙི་ནའི་ཡུལ་གྲུ་ན།། བསྐལ་བ་ཆགས་པའི་ཐོག་མར་བྱུང་བའི་བྲག། མཐོ་མཛེས་དྲུང་གི་དབེན་གནས་ཉམས་དགའ་རུ།། འཆི་མེད་མགོན་པོ་གྲུབ་པའི་དྲང་སྲོང་བྱུང་།། དེ་མཐུས་བྲག་རི་དེ་ཡི་འགྲམ་པ་ནས།། རྒ་ཤི་མེད་པའི་བཅུད་ལེན་ཚེ་ཡི་ཆུ།། རྟག་པར་བབ་ཅིང་མྱ་ངན་མེད་པའི་ཤིང་།། མེ་ཏོག་འབྲས་བུས་ལྕི་བ་ཞིག་ཀྱང་སྐྱེས།། དྲང་སྲོང་དེ་ཡི་བྱམས་པའི་ར་བ་ན།། ཟང་ཟིང་མི་འཇིགས་སྦྱིན་པའི་གཡབ་མོ་ཡིས།། འཁོར་དུ་བོས་པའི་འདབ་ཆགས་སྤུ་སྡུག་དང་།། རི་སྐྱེས་རུ་རུ་གནས་པའང་ཚེ་རིང་གྱུར།། དེ་དག་རྒ་ཤི་སྤངས་པའི་བདེ་བ་ལ།། རེག་པའི་གང་ཕྱིར་ཚེ་རིང་རྣམ་དྲུག་ཅེས།། གྲགས་པའི་འཕྲིན་ཡིག་ཕྱོགས་ཀྱི་དགའ་མ་ཡི།། མཁུར་ཚོས་རྣམ་པར་མཛེས་པའི་རྒྱན་དུ་བྱིན།། དཔག་ཡས་བསོད་ནམས་མ་མས་བསྐྱེད་པའི་བུ།། རྣམ་པར་ཐམས་ཅད་མཁྱེན་པའི་གཟུགས་སྐུ་ལ།། རྫོགས་པར་མངའ་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི།། གཟུགས་བརྙན་དབང་གཞུ་གསར་བའི་ལང་ཚོ་ཅན།། འདི་དག་གང་གི་ཁྱིམ་དུ་འདི་བྱེད་ན།། འཆི་མེད་ཚེ་དང་ན་བ་མེད་པའི་བདེ།། རྒ་དང་རྒུད་པ་མེད་པའི་ལང་ཚོ་སྟོབས།། མི་ཟད་བསོད་ནམས་ཕུང་བོ་འཕེལ་བར་འགྱུར།། ཕྱི་དང་ནང་གི་མཐུན་པ་མིན་པའི་ཕྱོགས།། འཇོམས་པའི་གཉེན་པོ་མཆོག་ཀྱང་འདི་ཡིན་ཞེས།། ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བའི་འཕྲུལ།། ཤེས་ནས་སྨྲ་བ་མང་པོས་མཆིད་འདི་གླེང་།། དགེ་ལེགས་ཤིས་པ་ཚེ་ཡི་ལྗོན་ཤིང་རྒྱས་པའི་ཁྲོད།། སྡེ་བཞིའི་འབྲས་བུ་གཡུར་དུ་ཟ་བར་ཤོག། དེ་དག་མི་སྲུན་སྤྱོད་པ་རིང་སྤངས་ནས།། བདེ་དང་དགེ་བའི་བདུད་རྩི་རྟག་འཐུང་བའི།། བཀྲ་ཤིས་དམ་པས་ས་སྟེང་རྒྱན་གྱུར་ཅིག། དེ་ལྟར་གནས་ཁང་དུ་བཀྲ་ཤིས་དམ་པའི་རྟེན་འབྲེལ་དུ་འབྲི་བར་འོས་པའི་ཚེ་རིང་རྣམ་དྲུག་དང་།། བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བརྙན་རྣམ་པར་བཀོད་པ་ལ་ཉེ་བར་མཁོ་བའི་བཤད་པ་ཚིགས་སུ་བཅད་པ་འདི་ཡང་སྒྲོ་བཏགས་སྨྲ་བ་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1