མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་༢༠༡༧ལོའི་ལོ་སར་དགོང་ཚོགས༼ གངས་ལྗོངས་རྒྱས་པའི་དཔྱིད་དཔལ ༽ ཕབ་སྐྲུན་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། སྤེལ་དུས། 12-14


        མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་བོད་མེ་མོ་བྱ་ལོའི་ལོ་སར་སྤྲོ་ཚོགས«གངས་ལྗོངས་རྒྱས་པའི་དཔྱིད་དཔལ»ཞེས་པ་ལོ་ངོ་ཕྱེད་ལ་ཉེ་བའི་རིང་གི་གྲ་སྒྲིག་དང་རྩ་འཛུགས་བརྒྱུད། ཟླ༡༢པའི་ཚེས་༡༠ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྨི་སྟོང་ཅན་གྱི་འཁྲབ་སྟོན་ཚོམས་ཆེན་ནས་ཕབ་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་།
        ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་དང་དབང་མོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས། གཞན་ད་དུང་ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དང་མང་ཚོགས་སོགས་ཀྱིས་མཉམ་གཅིག་ཏུ་དགོང་ཚོགས་ལ་བལྟས།
        «གངས་ལྗོངས་རྒྱས་པའི་དཔྱིད་དཔལ»ཞེས་པའི་ཞབས་བྲོའི་སྟངས་སྟབས་དང་བསྟུན་ནས་དགོང་ཚོགས་ཀྱི་ཡོལ་བ་ག་ལེར་ཕྱེས་ཤིང་། མཚོ་སྔོན་དང་པེ་ཅིན། སི་ཁྲོན། བོད་ལྗོངས། ཀན་སུའུ། ཡུན་ནན་སོགས་ནས་ཐོན་པའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ༢༠༠ལྷག་གིས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་དང་ཞབས་བྲོ། ཟློས་གར། རྡུང་ལེན། རྩེད་རིག་སོགས་འཁྲབ་སྟོན་བྱས་ཏེ། ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པ་དང་། ལྷག་པར་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བཞུགས་མོལ་ཚོགས་འདུ་བསྡུས་པ་ནས་བཟུང་། བོད་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་གང་ཅིའི་ཐད་གྲུབ་འབྲས་འགངས་ཆེན་བླངས་ཡོད་པ་མཚོན་པར་བྱས་པ་དང་། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཡོངས་ཁྱབ་བཞིའི་འཐབ་ཇུས་བཀོད་སྒྲིག་གི་མཛུབ་སྟོན་འོག རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ཤུགས་སྐྱེད་སྟོབས་སྤེལ་དང་དཔའ་ངར་མདུན་སྐྱོད་ཀྱི་དགོངས་དོན་བརྗོད་སྙིང་དུ་བཟུང་སྟེ། ཧུར་བརྩོན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གསར་བ་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་གྱུར་བྱེད་པའི་ཡིད་ཆེས་བརྟན་པོ་མངོན་པར་མཚོན་ཡོད།
        དགོང་ཚོགས་ཀྱི་འཁྲབ་ཚན་ཁ་ཚང་སྤྲོ་བའི་ཉམས་དང་དགའ་བའི་འཛུམ་གྱིས་ཁེངས་ཏེ་ལོ་སར་གྱི་རྣམ་པ་མངོན་ཡོད་དེ། མིང་གྲགས་ཅན་གྱི་གླུ་བ་ཡ་ཏུང་གིས་བླངས་པའི«སྨོན་འདུན»དང་། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མས་བླངས་པའི«བཀྲ་ཤིས་པའི་ཉི་མ»། བོད་ལྗོངས་ནས་ཡོང་བའི་གླུ་བ་སྐད་གྲགས་ཅན་རྡོ་རྗེ་ཚེ་རིང་དང་གླུ་མ་གྲགས་ཅན་སྐལ་བཟང་ཆོས་སྒྲོན་གཉིས་ཀྱིས་བླངས་པའི«ལྷན་འཛོམས་ཀྱི་བསྐལ་བ»། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་སྡེ་ཁག་གླུ་གར་ཚོགས་པའི་ན་གཞོན་གླུ་བ་ཚེ་དབང་རྡོ་རྗེ་ཡིས་བླངས་པའི«བསྐལ་བཟང་མེ་ཏོག» ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི«རུས་པ»དང་། «གྱང་བྲོ»སོགས་ཀྱིས་མཚོན་པའི་འཁྲབ་ཚན་དག་གིས་དགོང་ཚོགས་ཀྱི་མགོ་མཇུག་བར་གསུམ་ལ་མཐོ་རླབས་བསྩལ་བ་དང་། གཞན་ད་དུང་བོད་ཀྱི་ཆེས་ཐོག་མའི“ཀྲུང་གོ་ཟློས་གར་གྱི་མེ་ཏོག་རྟགས་མ”ཐོབ་མཁན་དཔལ་ལྡན་དབང་ཕྱུག་གིས་བླངས་པའི་ལྷ་མོ་ཟློས་གར«རྒྱ་ལུའི་རྣམ་ཐར»གྱིས་ལྟད་མོ་བ་ཡོངས་ལ་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་ངོ་མཚར་རང་བཞིན་དང་རིག་གནས་ཀྱི་ནང་སྙིང་གསལ་སྟོན་བྱས་ཤིང་། དམངས་གླུ«དཔྱིད་ཀྱི་ཁུ་བྱུག»དང«མཛེས་པའི་གཞིས་ཁྱིམ»། རྡུང་ལེན«དཔྱིད་དཔལ་བསུ་བ»བཅས་ཀྱིས་བོད་རིགས་མང་ཚོགས་ཀྱིས་མཛེས་སྡུག་གི་ཕ་ཡུལ་དང་། བདེ་སྐྱིད་ཀྱི་འཚོ་བ་ལ་བཅངས་པའི་སེམས་ཀྱི་བརྩེ་བ་དང་ཡིད་ཀྱི་དུངས་པ་མཚོན་ཡོད། གླུ་གཞས«མཛེས་པའི་བོད་ཡུལ»ཞེས་པས་མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ཡིན་པ་དང་། མཛའ་བརྩེའི་དཔུང་རྡང་སྦྲེལ་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སེམས་འདུན་མཚོན་ཡོད་ལ། མཐར«མེ་ཏོག་གི་མཆོད་པ»ཞེས་པའི་གླུ་གཞས་ཀྱི་དབྱངས་འགྲོས་དང་འགྲོགས་ནས་དགོང་ཚོགས་མཇུག་སྒྲིལ་བ་རེད།  ཐེངས་འདིའི་ལོ་སར་དགོང་ཚོགས་ལ་བསྡོམས་པས་འཁྲབ་ཚན༣༠དང་ཆུ་ཚོད༣ཙམ་ཡོད།
        “མཚོ་སྔོན་དུ་རྐང་ཚུགས་ཤིང་བོད་ཁུལ་དུ་ཁ་ཕྱོགས་པ”ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ལ། མདོ་འཛིན་པ་དང་འཁྲབ་སྟོན་པ་གང་ཡིན་ཡང་བོད་ཁུལ་ཡོངས་ལ་ཁ་ཕྱོགས་ནས་གདན་འདྲེན་ཞུས་ཡོད་པ་དང་། འཁྲབ་ཚན་ནང་དོན་གྱི་ཆ་ནས་ཀྱང་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། གཞན་ཡང་གཞས་པ་གྲགས་ཅན་དང་། རང་ས་རང་ཡུལ་ནས་སྐྱེས་ཤིང་གྲགས་པའི་སྒྱུ་རྩལ་པ་དག་གར་སྟེགས་གཅིག་ལ་འཛོམས་ཏེ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་ཟློས་གར་དང་། དམངས་ཁྲོད་ཀྱི་རྩམ་དྲི་མ་ཡལ་བའི་རྩེད་རིག སྙན་མོ་ངག་ལ་བཀུགས་པའི་དམངས་གླུ་སོགས་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས། དེ་མིན་དགོང་ཚོགས་འདི་ཉིད་ལ་ལྟད་མོ་བ་རྒན་དར་གཞོན་གསུམ་ཚང་མ་འདུས་ཡོད་ལ། འཁྲབ་ཚན་ནང་དོན་གྱི་ཆ་ནས་ཡང་ན་ཆུང་དགའ་བའི་གར་གྱི་སྟངས་སྟབས་དང་། གཞོན་པ་དུངས་པའི་ངག་གི་འགྱུར་ཁུགས། རྒན་པ་ཞེན་པའི་དམངས་ཁྲོད་ཀྱི་རྩེད་རིག་སོགས་སྣ་ཁ་ཧ་ཅང་མང་པོ་ཞིག་འཛོམས་ཡོད། དེ་ལས་གཞན་ཐེངས་འདིའི་དགོང་ཚོགས་ལ་གླུ་བ་གསར་བ་དང་བརྩམས་ཆོས་གསར་བ་གང་མང་ཞིག་ལ་སྒོ་མོ་གསར་དུ་ཕྱེས་ཡོད་པས། བོད་ཁུལ་གྱི་ན་གཞོན་སྒྱུ་རྩལ་པ་རྣམས་ལ་རང་ཉིད་ཀྱི་འཇོན་ནུས་ངོམ་ཆོག་པའི་སྟེགས་བུ་ཞིག་བསྐྲུན་ཡོད།
        དགོང་ཚོགས་འདི་ཉིད་ལེགས་འགྲུབ་ཡོང་བར་དམིགས་ནས། ཨ་མདོ་བརྙན་འཕྲིན་གྱིས་སྔར་ནས་ཇུས་འགོད་དང་གྲ་སྒྲིག་ལེགས་པོ་བྱས་ཏེ། འཁྲབ་ཚན་ཞིབ་བཤེར་དང་ཕབ་སྐྲུན་སོགས་ཀྱི་བྱ་བའི་ཁྲོད་འགན་གཉེར་ཐེ་ཀྲང་དངོས་སུ་ཕེབས་ནས་བཀོད་སྒྲིག་དང་མཛུབ་སྟོན་གནང་བ་མ་ཟད། ལོ་ངོ་ཕྱེད་ཙམ་གྱི་གོང་ནས་བཟུང་བྱ་བར་འཆར་གཞི་བཟོས་པ་དང་། འབྲེལ་ཡོད་ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ། ཐོག་མའི་ཞིབ་བཤེར་དང་ཞིབ་བཤེར་བསྐྱར་མ་སོགས་རིམ་པར་བརྒྱུད་མཐར་བརྩམས་ཆོས༢༢༠ཡི་ཁྲོད་ནས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩམས་ཆོས༣༠བདམས་ནས་དགོང་ཚོགས་སྟེང་ཞུགས་པས་ན། དགོང་ཚོགས་ཀྱི་སྤུས་ཚད་དང་ཆུ་ཚད་སོགས་ཕྱོགས་གང་ཐད་ལ་ཁག་ཐེག་གང་ལེགས་བྱས།
        ལོ་རེར་ཐེངས་རེ་སྒྲུབ་ཀྱིན་པའི་བོད་ལུགས་ལོ་སར་སྤྲོ་ཚོགས་འདི་ཉིད་ནི་རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་ཀྱིས་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་བཞིན་སྒུག་པའི་བསམ་པའི་ལོངས་སྤྱོད་ཅིག་ཡིན་ལ། བསྟུད་མར་ལོ་མང་པོའི་རིང་ལ་བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་གསན་གཟིགས་གནང་མཁན་ཆེས་མང་པའི་ཟིན་ཐོ་བསྐྲུན་མྱོང་ལ། ད་སྔའི་བར་དུ། སྔ་ཕྱིར་ལོ་ངོ་ཉེར་བདུན་གྱི་རིང་ལ་ཕབ་སྐྲུན་ལེགས་འགྲུབ་བྱས་ཤིང་། ལོ་ངོ་མང་པོའི་རིང་ལ། ལོ་སར་དགོང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བརྒྱུད་སྒྲོག་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་འཆམ་མཐུན་སྤྱི་ཚོགས་མངོན་འགྱུར་ཡོང་བར་ཕན་ནུས་མི་དམན་པ་བཏོན་ཡོད།
        ཐེངས་འདིའི་ལོ་སར་དགོངས་ཚོགས་ནི་༢༠༡༧ལོའི་བོད་ལུགས་ལོ་སར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་དུས་མཉམ་དུ་གཏང་རྒྱུ་རེད།
 
ཐེངས་འདིའི་དགོང་ཚོགས་སྟེང་ཕེབས་པའི་མགོ་ཁྲིད་ལྷན་རྒྱས།
 སྨྲ་ལྕེའི་རྩལ་ལ་མངའ་བརྙེས་པའི་མདོ་དབུས་ཁམས་གསུམ་ནས་ཡོང་པའི་མདོ་འཛིན་པ།
 «གངས་ལྗོངས་རྒྱས་པའི་དཔྱིལ་དཔལ»གྱི་ཞབས་བྲོའི་སྟངས་སྟབས་དང་བསྟུན་ནས་དགོང་ཚོགས་ཀྱི་ཡོལ་བ་ག་ལེར་ཕྱེས་པ།
 
ན་ཆུང་བྱིས་པའི་ཞབས་བྲོ།
 
ན་ཆུང་བྱིས་པའི་ཞབས་བྲོ། 
 གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མས«བཀྲ་ཤིས་པའི་ཉི་མ»ཞེས་པའི་གླུ་དབྱངས་ངག་ལ་བཀུགས་ནས་གནམ་ལོ་གསར་བ་བསུས། 
 
གླུ་བ་ཐར་ཆེན་གྱིས«ཐང་དཀར་རྒོད་པོ»ཞེས་པའི་གླུ་གཞས་དབྱངས་ལ་འགུག་ཀྱིན་པ། 
 
ཆེད་ལས་འཁྲབ་སྟོན་པའི་ལུས་ཀྱི་ཉམས་འགྱུར་དང་འགྲོགས་པའི་ཞབས་བྲོ«རུས་པ»།
 
གླུ་བ་གྲགས་ཅན་བསམ་ཁོ།
 
ན་གཞོན་གླུ་བ་ཚེ་དབང་རྡོ་རྗེ་ཡིས«བསྐལ་བཟང་མེ་ཏོག»ཞེས་པའི་གླུ་གཞས་ངག་ལ་འགུག་པ།
 
གངས་རིའི་མིང་སྲིང་ཚན་སྡེབ་ཀྱིས་གླུ་སྙན་མོ་ངག་ལ་བཀུགས་ནས་གནམ་ལོ་གསར་བ་བསུ་བ།
 
ཨ་ཅེ་འབྲོག་མོའི་ལུས་ཀྱི་སྟངས་སྟབས་དང་འགྲོགས་པའི་ཞབས་བྲོ།
 
«གཙང་གསུམ་གྱི་སྨོན་འདུན»ཞེས་པའི་ཞབས་བྲོ་ཡིས་ཡུལ་དངོས་ཀྱི་ལྟད་མོ་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག
 
བོད་ལྗོངས་ནས་ཡོང་བའི་གླུ་བ་སྐད་གྲགས་ཅན་རྡོ་རྗེ་ཚེ་རིང་དང་གླུ་མ་གྲགས་ཅན་སྐལ་བཟང་ཆོས་སྒྲོན་གཉིས་ཀྱིས«ལྷན་འཛོམས་ཀྱི་བསྐལ་བ»ཞེས་པའི་གླུ་གཞས་ལེན་པ།
 
ལྟད་མོ་བའི་ཚོགས།
སྒྲ་སྙན་རྒྱལ་པོའི་རྒྱུད་སྐུད་ལ་བརྒྱུས་པའི་རྡུང་ལེན་མཉམ་ལེན།
 
སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ཐོན་པའི«གྱང་བྲོ»།
 
གནམ་ལོ་གསར་བ་སྙན་མོ་གླུ་ཡིས་བསུ་བཞིན་པ།  
 
དམངས་གླུ་སྙན་མོ་ངག་ལ་བཀུགས་ནས་ལོ་སར་བསུ་བ།
 
བོད་ཀྱི་ཟློས་གར«རྒྱ་ལུའི་རྣམ་ཐར»འཁྲབ་ཀྱིན་པ།
 
གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ། 
 གནམ་ལོ་གསར་བ་སྙན་མོ་གླུ་ཡིས་བསུ་བཞིན་པ།
 
དབུས་གཙང་ནས་ཕེབས་པའི་གླུ་བ་བསོད་ནམས་ཡེ་ཤེས།

དམངས་ཁྲོད་རིག་གནས་ཀྱི་རྩམ་དྲི་མ་ཡལ་བའི་རྩེད་རིག
 
ཀན་སུའུ་ནས་ཡོང་བའི་གླུ་མ་པདྨ་མཚོ་ཡིས་གླུ་སྙན་མོ་ངག་ལ་འགུག་པ།
 
སྐད་གྲགས་ཆེ་བའི་གླུ་བ་ཡ་ཏུང་གིས«སྨོན་འདུན»ཞེས་པའི་གླུ་གཞས་དབྱངས་ལ་འགུག་ཀྱིན་པ།
 
ལྷད་མེད་ཁ་བཏགས་དཀར་པོ་མཐོ་རུ་བཏེགས་ནས་གནམ་ལོ་གསར་བ་བསུ་བ།
 
«མེ་ཏོག་གི་མཆོད་པ»ཞེས་པའི་གླུ་སྐད་ཀྱི་འགྲོས་དང་བསྟུན་ནས་དགོང་ཚོགས་མཇུག་སྒྲིལ་བ།

དགོང་ཚོགས་ཡོངས་སུ་མཇུག་རྫོགས་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1