2018ལོའི་སྔོན་དུ་སི་ཁྲོན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། གྲོང་ཚོ་བཅས་རིམ་པ་བཞི་ཡིས་ཆུ་བོའི་བཞུར་རྒྱུན་གྱི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་མ་ལག་འཛུགས་བསྐྲུན་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-15


             ཉེ་ཆར། གསར་འགོད་པའི་ཞིང་ཆེན་ཆུ་བེད་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་སང་ལོར་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ལམ་ལུགས་འཛུགས་འགོ་བརྩམས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་2018ལོའི་ལོ་སྨད་ཀྱི་སྔོན་དུ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། གྲོང་ཚོ་བཅས་རིམ་པ་བཞི་ཡིས་ཆུ་བོའི་བཞུར་རྒྱུན་གྱི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་དོ་དམ་ས་ཚིགས་བཙུགས་ནས། ཆུ་བོ་རེ་རེ་ལ་དོ་དམ་བྱེད་མཁན་གྱི་མི་ཡོད་པར་མ་ཟད་དོ་དམ་ཚད་ལྡན་དུ་གཏང་རྒྱུ་རེད། རང་རེའི་ཞིང་ཆེན་གྱི་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ལག་བསྟར་འཆར་གཞི་ཡི་ཐོག་མའི་འཆར་འགོད་དེ་གཏན་འཁེལ་བཟོས་ཚར་བར་མ་ཟད། མི་འགྱངས་བར་དངོས་སུ་ཁྱབ་བསྒྲགས་བྱས།
            གནས་ཚུལ་རྒྱུུས་ལོན་པ་ལྟར་ན། སི་ཁྲོན་གྱིས་ཞིང་ཆེན་རིམ་པར་ཆུ་བེད་དང་ཁོར་ཡུག་སྲུང་སྐྱོང་། སྡོད་ཁང་འཛུགས་སྐྲུན་དང་། ནགས་ལས་སོགས་སྡེ་ཁག་མང་པོ་འདུས་པའི་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། ཆུ་བོའི་སྟོད་རྒྱུད་དང་སྨད་རྒྱུད། ཆུ་བོའི་འགྲམ་ངོགས་གཡས་གཡོན་གྱི་འབྲེལ་བ་ཐག་གཅོད་བྱས་ཏེ། ནུས་ལྡན་གྱི་སྒོ་ནས་ཆུའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཆུའི་བཞུར་རྒྱུན་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པར་ཁག་ཐེག་བྱས།
            ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ལམ་ལུགས་དེ་རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོའི་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པར་འགན་ཁུར་ནས། རང་ཉིད་ཀྱི་འགན་ཁུར་བའི་ས་ཁོངས་ཀྱི་ཆུ་བོའི་བཞུར་རྒྱུན་ལ་སྲུང་སྐྱོང་དང་། སྦགས་བཙོག་བཅོས་སྐྱོང་། ཆུ་བེད་བཅོས་སྐྱོང་སོགས་ལ་འགན་ཁུར་རྒྱུ་ཡིན་པ་དང་། སྤྱི་ལོ་2007ལོར། ཅང་སོའུ་ཝུའུ་ཞི་ཡིས་ཐའེ་ཧུའུ་མཚེའུ་ཆུ་རྩྭ་སྔོན་པོའི་དོན་རྐྱེན་བྱུང་རྗེས་སུ་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ལམ་ལུགས་འདི་ཐོག་མར་བཟོ་འགོད་བྱས། དེའི་རྗེས་སུ་རང་རེའི་ཞིང་ཆེན་གྱི་ནའེ་ཅང་དང་མེན་དབྱང་སོགས་ས་ཁུལ་ཚོད་ལྟའི་ས་བཙུགས་པ་རེད། 
             སི་ཁྲོན་ལ་ཆུ་བོ་ཁྲི་སྟོང་མང་པོ་འདུས་སའི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད། 2013ལོར་ཁྱབ་བསྒྲགས་བྱས་པའི་སི་ཁྲོན་ཞིང་ཆེན་གྱིས་ཐོག་དང་པོར་རྒྱལ་ཡོངས་ཀྱི་ཆུ་བེད་ཡོངས་ཁྱབ་ཀྱི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་སུ་ཆུ་བོའི་བཞུར་རྒྱུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་50དང་དེའི་ཡན་ཡོད་པའི་ཆུ་བོ་2816ཡོད་པས། སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་11.174ཟིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1