《སྒྲ་རིག་མཚམས་སྦྱོར་ལྔ་བའི་རི་མོ་སྒྲུབ་ཚུལ།》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-15


        དཔལ་བཟང་རྒྱ་མཚོ་ལགས་ཀྱིས་མཛད་པའི་《སྒྲ་རིག་མཚམས་སྦྱོར་ལྔ་བའི་རི་མོ་སྒྲུབ་ཚུལ།》ཞེས་པ་མིག་སྔར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག 



        སྤྱིར་སྒྲ་རིག་པ་ཞེས་པ་འདི་རང་རེ་བོད་ཀྱི་རིག་གནས་ཆེ་བ་དག་གི་ཡ་གྱལ་དུ་གྱུར་བ་ནི་སྨོས་མ་དགོས་ལ། བོད་རང་གི་བརྡ་སྤྲོད་རིག་པའམ་སྒྲ་རིག་པ་དངོས་ནི་སུམ་རྟགས་དག་གསུམ་ཡིན་མོད། སྙན་ངག་དང་སྡེབ་སྦྱོར། ཟློས་གར་དང་མངོན་བརྗོད་སོགས་ཀྱང་སྒྲ་རིག་པའི་ཡན་ལག་ཏུ་གྱུར་པར་གསུངས། དེ་ཡང་དབྱངས་ཅན་སྒྲ་གཞུང་ནི་ཐོག་མར་ལྷ་མཐོང་ལོ་ཙཱ་བས་འདིའི་ཕྱེད་ཙམ་བོད་དུ་བསྒྱུར་ནས་འཆད་སྤེལ་གྱི་བཀའ་དྲིན་བསྐྱངས། དེ་ནས་ཇོ་ནང་རྗེ་བཙུན་ཏཱ་ར་ན་ཐས་རབ་བྱུང་བཅུ་གསུམ་པའི་ནང་ཙམ་དུ་གཞུང་འགྲེལ་ཐོག་མར་བོད་དུ་བསྒྱུར་ཞིང་སྒྲ་འགྲེལ་ཆེན་མོ་བརྩམས་པ་སོགས་མཁས་པ་མང་པོས་སྐུ་ལས་གྲངས་མེད་བསྐྱོན་ནས་སྒྲ་རིག་པ་འདི་ཉིད་གངས་ཅན་བོད་ཀྱི་གཙུག་ལག་རྒྱ་མཚོའི་གླིང་དུ་དྲངས། དཔེ་དེབ་འདི་ནི་སྨན་རམས་པ་དཔལ་བཟང་རྒྱ་མཚོ་དབྱངས་ཅན་འཛུམ་པའི་འོད་ཟེར་གྱིས་མཚམས་སྦྱོར་ལྔ་བའི་སྒྲུབ་ཚུལ་གཙོར་བཟུང་ནས་ཟུར་བཀོད་རེའུ་མིག་དང་སྒྲ་མདོའི་འགྲེལ་བ་བཅས་ཤིན་ཏུ་གོ་བདེ་བའི་སྒོ་ནས་བརྩམས་ཡོད་པས། སྒྲ་རིག་ལ་འཇུག་པའི་སྐྱ་སེར་སློབ་གཉེར་བ་བྱིངས་དང་ལྷག་པར་དུ་ཞིབ་འཇུག་སློབ་མའི་ཡིག་ཚད་ལ་ཞུགས་མཁན་གྱི་སློབ་མ་དག་ལ་སྤྱོད་སྒོ་ཆེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1