སི་ཁྲོན་གྱི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་པ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-16


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (སྐལ་བཟང་མེ་ཏོག་གིས་པར་མཁོ་འདོན་བྱས།)སྤྱི་ཟླ་12པའི་ཚེས་16ཉིན། སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་པ་ཁྲེན་ཏུའུ་རུ་འཚོགས། 

        ཐེངས་འདིའི་གྲོས་ཚོགས་ཀྱི་མཛད་སྒོ་ལ་སི་ཁྲོན་བོད་རིག་པའི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གོ་ཁྲང་ཕིང་གིས་གཙོ་སྐྱོང་མཛད་པ་དང་སི་ཁྲོན་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཡངས་གླིང་རྡོ་རྗེ་ཡིས་ཤིས་ཚིག་ཕུལ་བར་མ་ཟད། བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་འདས་ཟིན་པའི་ལས་ཀར་ཕྱོགས་བསྡོམས་དང་མ་འོངས་པའི་དུས་རིམ་ཁག་གི་ལས་ཀར་བཀོད་སྒྲིག་གནང་། གཞན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་། 

        ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་སྟེང་འཇམ་དབྱངས་མཁས་གྲུབ་རིན་པོ་ཆེ་དང་སྔོན་མའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་དང་སློབ་དཔོན་ཆེན་མོ་ཀྲའོ་ཞིན་ཡུས། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། ཡུན་ནན་ཕུའུ་སྨིའི་རིགས་སློབ་ཚོགས་ཀྱི་ཚོགས་གཙོ་ཧའོ་ཧྲི་ཧྭ། དེ་མིན་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྐལ་བཟང་ཡེ་ཤེས་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས། དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས། ཀྲུང་གོ་བོད་རིག་པ་ལྟེ་གནས་དཔེ་སྐྲུན་ཁང་གི་འགན་འཛིན་པ་རྒྱལ་མོ་འབྲུག་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བན་ཁོ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགན་འཛིན་པ་གཅོད་པ་དོན་གྲུབ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་དཀོན་མཆོག་རྡོ་རྗེ།  ལོ་རྒྱུས་ཞིབ་འཇུག་པ་སྡེ་རོང་ཚེ་རིང་དོན་གྲུབ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐོགས་མེད། སི་ཁྲོན་གླུ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་སྐལ་བཟང་མེ་ཏོག་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་མང་པོ་ལྷན་དུ་འཛོམས་ཏེ་དུས་ཡུན་ཉིན་གསུམ་གྱི་རིང་ལ་བོད་ཀྱི་ཡུལ་སྲོལ་དང་ལོ་རྒྱུས། ཐང་ག མཛེས་རྩལ། ལོ་རྒྱུས་མི་སྣ། རྒྱལ་རོང་རིག་གནས་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1