གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

སྐུ་བཅར་འོད་ཟེར། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།།དགེ་བཤེས་བློ་བཟང་དོན་གྲུབ།

                                                                                            
       དེ་ཡང་སྙན་པའི་གྲགས་པ་གངས་ལྗོངས་འཛིན་མའི་ཁྱོན་ན་ལྡིར་བའི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དོན་འགྲུབ་མཆོག་གིས་ལོ་ཟླའི་བརྒྱུད་རིམ་ཁྲོད་དུ་ལྷག་བསམ་དང་བརྩོན་པ་དཔུང་དུ་བསྡེབས་ཏེ་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་གཡུར་དུ་ཟ་བའི་འབྲས་བུ་བླ་ན་མེད་པ་ཐོབ་ཡོད་པས་གཟུར་གནས་མཁས་དབང་དག་གི་གངས་ལྗོངས་རིག་པ་སྨྲ་བའི་ཁྱུ་མཆོག་ཅེས་ཡི་རངས་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་གྱུར། འདིར་དམ་པ་གང་ཉིད་ཀྱི་མཁའ་ལྟར་ཡངས་བའི་རྣམ་དཀར་གྱི་མཛད་འཕྲིན་ལས་ཆ་ཤས་ཙམ་ཞིག་འགོད་པར་བྱ་བ་ལ།
     མདོ་སྟོད་བྲག་འགོ་ཡུལ་གྲུ་རུ།།     གཟུགས་སྐུ་པདྨོའི་མཚར་སྡུག་ངོམས། །
       བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོ་1924ལོར་དགེ་བཤེས་བློ་བཟང་དོན་འགྲུབ་མཆོག་ཉིད་ཏྲེ་ཧོར་བྲག་འགོ་ཡུལ་གྲུའི་ནོར་པ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་ཁ་ཤུལ་བསོད་ནམས་བཀྲ་ཤིས་དང་ཡུམ་བ་ལོ་གཉིས་ཀྱི་སྲས་སུ་གཟུགས་སྐུ་པདྨོའི་མཚར་སྡུག་ངོམས། སྐུ་ན་ཆུང་ངུའི་དུས་ནས་ཞི་དུལ་དང་བག་ཡོད་ཀྱི་སྤྱོད་བཟང་རང་གཤིས་སུ་གོམས་པས་ཡུལ་སྡེ་སྐྱེ་བོ་ཀུན་གྱིས་བྱིས་པ་དགའ་རབ་ཅེས་བསྟོད་པའི་མཐེ་བོང་བསྒྲེང་བའི་གནས་སུ་གྱུར། དཔལ་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་བླ་འགོ་རྣམས་ཀྱིས་ཁོང་གི་ཡབ་ཡུམ་ཟུང་ལ་བུ་ཆུང་འདི་དགོན་པའི་ཆོས་གྲྭར་ཞུགས་རྒྱུའི་རེ་ཞུ་ཡང་ཡང་ཕུལ། རང་ལོ་བཅུ་གཅིག་གི་སྟེང་དུ་དད་པ་དང་བཅོས་མིན་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་དགོན་པའི་ཆོས་གྲྭར་ཞུགས། བླ་མ་བློ་བཟང་ཉི་མ་སོགས་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་ཞྭ་སེར་བསྟན་པའི་འགྲོ་ལུགས་བཞིན་ཆོ་གའི་འདོན་ཆོག་དང་འབུད་རྡུང་བཅའ་གསུམ་སོགས་ལ་རིམ་བཞིན་སྦྱངས། སྐུ་ན་ཆུང་ཡང་ཐུགས་རིག་གསལ་ཞིང་སློབ་གཉེར་ལ་བརྩོན་པའི་རང་བཞིན་ལྷན་སྐྱེས་སུ་མངའ་བས་སྦྱངས་བྱ་གང་ཡིན་ཡང་མགོ་སྨྲོས་པ་ཙམ་གྱིས་བདེ་བླག་ངང་རྟོགས་ཐུབ་པ་སོགས་མཁྱེན་རབ་ཀྱི་རྩལ་ཆེ་བས་ཀུན་གྱིས་ངོ་མཚར་དུ་འཛིན། དེ་ལྟར་བགྲང་བྱ་བདུན་ཙམ་གྱི་རིང་དུ་དགོན་པའི་འདོན་ཆོག་སོགས་ལ་སྦྱངས་པ་གང་ལེགས་མཛད་ཡོད་པ་བཅས་སོ།།
    རིག་གཞུང་ནོར་བུ་ལེན་པའི་ཕྱིར།།  ལྷ་ལྡན་ཕྱོགས་སུ་ཞབས་པད་བཀོད།།
       བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་1941ལོར་དམ་པ་གང་ཉིད་དགུང་གྲངས་བཅུ་བདུན་ལ་བཞེས་སྐབས་ཐུགས་བསྐྱེད་བཙན་པོ་ཞིག་གིས་རྒྱུད་བསྐུལ་བ་དང་རིག་གཞུང་ཟབ་མོ་དག་ལ་གནད་ཕིགས་པ་ཞིག་སྦྱོང་དགོས་པར་དགོངས་ཏེ་དབུས་ཀྱི་ལྷ་ལྡན་དུ་ཐོས་བསམ་བཞེས་པར་ཕེབས་རྒྱུའི་འདུན་པ་ལྡོག་མེད་དུ་སྐྱེས། ལམ་བར་དུ་གྲང་འཁྱག་དང་ལྟོགས་སྐོམ་གྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལོ་དེའི་དགུན་ཁར་དབུས་ལྷ་ས་རུ་འབྱོར། དེ་ནས་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་འབྱུང་གནས་ཀྱི་ཏྲེ་ཧོར་ཁང་ཚན་དུ་ཞུགས་ཏེ་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་གཉིས་སུ་མ་མཆིས་པའི་དམ་པའི་སྐྱེས་ཆེན་བླ་མ་དབུ་མ་པའི་སྐུ་སྐྱེས་ཚུལ་ཁང་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་ཏྲེ་ཧོར་སྐྱོར་དཔོན་ཚེ་དབང་ནོར་བུ། ལྷ་རམས་པ་ཡེ་ཤེས་ནོར་བུ། བསོད་ནམས་མགོན་པོ། མཁན་ཟུར་ཡེ་ཤེས་ཐུབ་བསྟན། འབའ་བ་མཁན་ཟུར། བྲག་འགོ་དགེ་བཤེས་ཡེ་ལོ་སོགས་མཚན་ལྡན་བཤེས་གཉེན་བཅུ་ཕྲག་ཁ་ཤས་ཀྱི་ཞབས་རྡུལ་སྤྱི་བོས་མནོས་ཏེ་ལོ་ཧྲིལ་པོ་བཅོ་བརྒྱད་ཀྱི་ཡུན་ལ་དུས་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་ བཏང་པར་དབུ་ཕར་འདུལ་མཛོད་དང་ཚད་མ་སྐོར་སོགས་གཞུང་བཀའ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་ལེགས་པར་མཛད་དེ་གྲྭ་ས་རིག་པའི་རྒྱ་མཚོའི་དབུས་ན་ལུང་རིགས་སེངྒེའི་ང་རོ་བསྒྲགས་པས་མཁས་མང་དགྱེས་པའི་མཆོད་སྤྲིན་དུ་གྱུར། གདན་ས་གསུམ་གྱི་ཚོགས་མང་འདུས་པའི་དབུས་སུ་ལུང་རིགས་ཀྱི་གཤོག་རྩལ་འགྲན་སྐབས་མཁས་མང་འཛིན་པ་མང་པོ་ཚར་བཅད་དེ་དེ་ཅུང་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་པའི་གནས་སུ་བཀོད། མཁས་པ་མཁས་པའི་ཁྲོད་ན་མཛེས་ཞེས་གསུངས་པ་ལྟར། ཁོང་ཉིད་ཀྱི་གཞུང་དོན་ལ་རྒྱ་མཚོ་བཞིན་ཟབ་པའི་གོ་བ་དང་ཐོག་མདའ་ལྟར་མྱུར་བའི་རིགས་ལམ་དེ་དྲན་དབང་གཙུག་གི་རྒྱན་དུ་གྱུར་པ་མང་པོས་ངོ་མཚར་བར་འཛིན་པས་ཏྲེ་ཧོར་སྨེ་ནག་ཅན་ཞེས་གདན་ས་གསུམ་ན་མཚན་གྱི་སྙན་པ་འབར། གཟུར་གནས་ཀྱི་བློ་གསལ་དོན་གཉེར་ལྡན་པའི་ལྷ་རམས་པ་དཔལ་ལྡན་གྲགས་པ་དང་། ལྷ་རམས་པ་ཡེ་ཤེས་དོན་གྲུབ། རྒྱུད་པ་མཁན་པོ་བློ་བཟང་བསྟན་འཛིན་སོགས་ཞྭ་སེར་བསྟན་པའི་ཁྲི་ལ་མངའ་གསོལ་ན་ཡང་ངོ་གནོང་མི་དགོས་པའི་བསྐལ་བཟང་གི་སློབ་མའང་མང་དུ་བསྐྱངས་སོ།།
     མདོ་ཁམས་གསེར་ལྡན་ཐིག་ལེ་རུ།།    རིག་པའི་བདུད་རྩིའི་ཆར་རྒྱུན་ཕབ།།
        བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་1959ལོར་མཆོག་ཉིད་སླར་ཡང་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཞབས་པད་བཀོད་དེ་འགྲོ་མང་དག་ལ་དམ་ཆོས་ཀྱི་བགོ་བཤའ་འགྱེད་པས་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀུན་དུ་ཁྱབ་པ་བྱུང་། དེ་རྗེས་དུས་ཀྱི་འགྱུར་བ་ལ་བརྟེན་ནས་མཛད་འཕྲིན་སྐྱོང་བའི་གོ་སྐབས་རེ་ཞིག་མ་རྙེད་པར་ལུས། སྤྱི་ལོ1981ལོར་དུས་རྙིང་གི་སྤྲིན་རུམ་སྟུག་པོ་མཐར་སངས་རྗེས་སྲིད་བཟང་གསེར་གྱི་ཉི་གཞོན་གངས་ཅན་མཁའ་དབྱིངས་སུ་དྲངས་པ་དང་། བོད་ཀྱི་རིག་གནས་ལ་ཤ་ཞེན་དང་ལྷག་བསམ་མཆོག་ཏུ་དཀར་བའི་ཀྲུའུ་རིན་བཀྲ་ཤིས་ཚེ་རིང་དང་མཁས་དབང་མཆོག་སྤྲུལ་ཐུབ་བསྟན་ཉི་མ་སོགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་གངས་ལྗོངས་གནས་ལྔ་རིག་པའི་འབྱུང་གནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སྡེ་དགེ་རྫོགས་ཆེན་དུ་འཛུགས་སྐབས། ཁོང་ཉིད་ཀྱང་གདན་ཞུས་ལྟར་རྫོགས་ཆེན་དུ་ཕེབས་ཏེ་བགྲང་བྱ་ལྔའི་རིང་དུ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་ནང་ཚན་གྱི་མགྲིན་པ་གཟེངས་སུ་བཏེགས་ཏེ་ལུང་རིགས་ཀྱི་རྔ་བོ་ཆེ་དྲག་ཏུ་བརྡུངས་པས་གངས་ལྗོངས་ཀྱི་བློ་གསལ་གཞོན་ནུ་མང་པོ་གཉིད་ལས་སློང་བ་དང་ཤེས་རབ་སྒྲོན་མེས་མདུན་ལམ་སྣང་བར་བྱས་ཏེ་དགོས་མཁོ་དང་འཚམ་པའི་སློབ་མ་མཁས་པ་བརྒྱ་ཕྲག་ལ་ཉེ་བར་བསྐྱངས་སོ།། སྤྱི་ལོ་1985ནས་1995ལོའི་བར་བྲག་འགོ་དགོན་རབ་བརྟན་རྣམ་རྒྱལ་གླིང་གི་མཁན་པོ་ལོ་དྲུག་དང་ཚོགས་ཆེན་ཁྲི་པ་ལོ་གསུམ་བཅས་ལོ་དགུ་ལ་འགན་གཙང་བཞེས་གནང་། 1985ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ཁུལ་དུ་གཟིགས་སྐོར་ལ་ཕེབས་སྐབས་བྲག་འགོ་དགོན་དུ་མཆོག་ཉིད་ཀྱི་ལུང་རིགས་ཟབ་མོའི་རྩོད་པ་གནང་ཚུལ་ལ་ཐུགས་བླ་ལྷག་ཏུ་དགྱེས་ཏེ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། 1987ལོར་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་མདོ་ཁམས་གནས་མཆོག་དཔལ་ལྷ་སྒང་དུ་ཡུལ་དུ་ཕེབས་ཏེ་གནས་དེར་འདུས་པའི་གྲུབ་མཐའ་སོ་སོའི་སྤྲུལ་སྐུ་དང་བླ་གྲྭ་ཁག་ལ་ཚད་མའི་སྐོར་སློབ་ཁྲིད་གནང་། སྔ་གཞུག་ཏུ་ལྷ་སྒང་ནང་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་། མདོ་ཁམས་མི་ཉག་མགར་ཐར་དགོན། གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། འདྲ་གདུགས་དཀར་དགོན་སོགས་སུ་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོ་ལ་སྨན་པའི་ལྗགས་སློབ་དང་ཆོས་ཁྲིད་མཛད། གཞན་ཡང་ཆོས་རྗེ་དམ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་མི་ཉག་མཁན་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པ་མཆོག་གཉིས་ལ་ལན་གྲངས་དུ་མར་མཇལ་འཕྲད་གནང་སྟེ་གཞུང་ལུགས་སྐོར་ལ་གསུང་གླེང་ཞིབ་རྒྱས་མཛད་པས་ཕན་ཚུན་ཐུགས་ཡིད་ཆུ་བོ་གཅིག་འདྲེས་སུ་གྱུར། 1995ལོར་བྲག་འགོ་དགོན་པའི་ཆོས་གྲྭར་དངོས་སུ་འགོ་ཚུགས་སྐབས་སྐུ་ན་བགྲེས་པས་ཕེབས་བྱོན་སོགས་ལ་དེ་ཙམ་སྟབས་བདེ་པོ་མེད་ནའང་སློབ་གྲྭའི་འགན་གཙོ་བཞེས་པ་མ་ཟད་དགེ་རྒན་གཅིག་ལྕོགས་སུ་མཛད་པས་སྔོན་རྗེས་སུ་རིག་གཞུང་ལ་བྱང་ཆ་ལྡན་པའི་མཁས་པ་མི་ཉུང་བ་ཞིག་གསོ་སྐྱོང་མཛད། 2007ལོར་སླར་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཕེབས་ཏེ་དགེ་སློབ་རྣམས་ལ་གདམས་པ་དང་ཁྲིད་ལུང་རྒྱ་ཆེར་བསྩལ། 2011ལོའི་སྤྱི་ཟླ་5པའི་ཚེས་1ཉིན་སྐུ་ཞི་བར་གཤེགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1