ལི་ཁེ་ཆང་གིས་རྒྱལ་ཁབ་ཆུ་འགོག་ཐན་སེལ་སྤྱིའི་བཀོད་འདོམས་པུའུ་ཡི་ཚང་འཛོམས་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-23


        སྤྱི་ཟླ་12པའི་ཚེས་22ཉིན། རྒྱལ་ཁབ་ཆུ་འགོག་ཐན་སེལ་སྤྱིའི་བཀོད་འདོམས་པུའུ་ཡི་ཚང་འཛོམས་གྲོས་ཚོགས་པེ་ཅིང་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ད་ལོར་རང་རྒྱལ་དུ་མཚོ་རླུང་དྲག་པོ་གཡུག་པ་མང་ཞིང་ཆར་ཆུ་མང་བ། ཆུ་ལོག་གི་གནོད་འཚེ་ཐེབས་རྒྱ་ཆེ་ཞིང་འགོག་སྲུང་ཐད་ལ་དཀའ་ཁག་ཆེ་བ་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཚད་དེ་ལོ་མང་བའི་རིང་ལ་བྱུང་བ་ཉུང་བའི་གནས་བབ་ལ་དམིགས་ཏེ། རྒྱལ་ཁབ་ཆུ་འགོག་ཐན་སེལ་སྤྱིའི་བཀོད་འདོམས་པུའུ་དང་འབྲེལ་ཡོད་ཕྱོགས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཚན་རིག་དང་མཐུན་པར་བརྡར་ཤ་གཅོད་པ་དང་སྔོན་ལ་གྲ་སྒྲིག་བྱས་ཤིང་། རོགས་ལས་དམ་ཟབ་དང་སྤོབས་པ་ཆེན་པོས་1998ལོའི་ཚུན་ལ་བྱུང་བའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་སེལ་བ་དང་ཚད་ཆེན་པོའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས། ཆུ་ལོག་སྔོན་འགོག་དང་ཉེན་སེལ་རྒུད་སྐྱོབ་ཐད་ནས་རྒྱལ་ཁ་བླངས་པ་དེ་ལས་ཀྲུང་ཧྭ་མི་རིགས་ཐེངས་མང་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས་མཚོན་པར་བྱས་ཡོད་པ་དང་གྲུབ་འབྲས་དེ་ནི་ཐོབ་དཀའ་བ་ཞིག་ཡིན། ཆུ་ལོག་སྔོན་འགོག་དང་ཉེན་སེལ་རྒུད་སྐྱོབ་ཁྲོད་དུ་ཞུགས་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་ཚང་མར་བརྩེ་བའི་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས་བ་ཡིན། རྒྱལ་ཁབ་ཆུ་འགོག་ཐན་སེལ་སྤྱིའི་བཀོད་འདོམས་པུའུ་དང་དེ་མིན་འབྲེལ་ཡོད་ལས་ཁུངས་དང་ས་གནས་སོ་སོས་ནན་ཏན་སྒོས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པའི་རེ་བ་ལྟར། མི་འདང་ས་དང་འབུར་ཐོན་གནད་དོན་གནས་བར་དམིགས་ཏེ། གནོད་སེལ་གནོད་འགོག་རྒུད་སྐྱོབ་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཆུ་འགོག་ཐན་སེལ་རྒུད་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་དང་ཆུ་བེད་བཟོ་སྐྲུན་གལ་ཆེན་མྱུར་དུ་ལག་བསྟར་བྱས་ནས། ཆུ་བེད་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བཟང་བོ་བྱ་དགོས་ལ། ལྟ་ཞིབ་ཚད་ལེན་དང་འཕྲལ་སྒྲུབ་དོ་དམ་ལ་ཤུགས་སྣོན་པ་དང་གནོད་འགོག་གནོད་སེལ་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་དང་ལྡན་པའི་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1