༄༅།། གླ་བ།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-26


        གླ་བ་ནི་རང་རྒྱལ་གྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་ལུས་པོའི་རིང་ཚད་ལ་ལི་སྨི་88ནས་92ཡོད་པ་དང་སོག་མགོའི་མཐོ་ཚད་ལ་ལི་སྨི་50ནས་60ཡོད། ལྗིད་ཚད་ལ་སྤྱི་རྒྱ་8ནས་སྤྱི་རྒྱ་15ཡོད་པ་ཡིན། གླ་བའི་རྒྱབ་གཞུང་གི་སྤུ་མདོག་སེར་ཞད་འདྲེས་ཤིང་ལུས་ཡོངས་ཀྱི་སྤུ་མདོག་ཁམ་སེར་དང་སྟེང་དུ་འཕྲེད་ཐིག་བཞི་ནས་དྲུག་ཉིས་གཤར་བྱས་ནས་བསྟར་འདུག་ལ་སྐེ་ངོས་ཀྱི་སྐྱ་ཐིག་ནི་དེ་འདྲའི་གསལ་བོ་ཞིག་མིན། ཆེ་ཆུང་ར་མ་དང་འདྲ་ཞིང་མཆུ་ཏོ་ཕྲ་ལ་མགོ་བོའི་དབྱིབས་འཇོང་ནར་ཡིན། རྣ་ཅོག་དྲང་ཐད་དུ་ཡར་རྩེང་ནས་ཡོད་ཅིང་རིང་ཚད་ལ་ལི་སྨི་12ཡས་མས་ཡོད་པ་དང་རྒྱུན་པར་མཆོང་ཞིང་ལྡིང་ནས་འགྲོ་བ་ཡིན། ཕོ་གླ་མོ་གླ་གཉིས་ཀར་རྭ་ཅོ་མེད། ཕོ་གླར་མཆེ་བ་ཕྱི་རུ་མངོན་པ་ཞིག་སྐྱེས་ཡོད་ཅིང་མ་མགལ་གྱི་འོག་ནས་གཡས་སུ་གུག་ནས་ཡོད་ཅིང་རིང་ཚད་ལ་ལི་སྨི་5ཡས་མས་ཡོད། རྔ་མ་སྦོམ་ཞིང་ཐུང་ལ་རྔ་རྩེ་ན་གླ་སྤུ་ཐར་ཐོར་སྐྱེས་ཤིང་ལྟོ་ཁུག་ན་གླ་རྩི་ཡོད། གླ་རྩིའི་རྩི་ཁུང་ལས་དྲི་ཞིམ་འཐུལ་ཏེ་མོ་གླ་འགུགས་པ་ཡིན། 

        གླ་ནི་སྙིང་ཆུང་ཞིང་ཁེར་འགྲོ་སྟེག་པར་དགའ་བའི་སྲོག་ཆགས་ཤིག་ཡིན་པ་དང་ཉེན་ཟོན་གྱི་ཚོར་བ་སྐྱེན་པོ་ཞིག་ཡོད། སྐྱེ་འཕེལ་དུས་རིམ་ནང་མ་གཏོགས་ཁེར་རྐྱང་གིས་ལྷིང་འཇགས་དང་ཡིབ་སྦས་བྱེད་སླ་བའི་ས་ནས་ངལ་གསོ་བ་ཡིན། ནངས་སྔ་མོ་དང་དགུང་དྲོའི་དུས་སུ་འགུལ་སྐྱོད་བྱེད་པ་ཡིན། སྤྱིར་བཏང་དུ་འགུལ་སྐྱོད་ཁྱབ་ཁོངས་སྨི་གྲུ་བཞི་མ་1500ནས་སྨི་གྲུ་བཞི་མ་3000གི་ས་ཡིན་མོད། གལ་ཏེ་འདྲོགས་བསླངས་ན་དེ་ལས་རྒྱང་རིང་རྒྱང་རིང་གི་ས་རུ་བྲོས་འགྲོ་ལ་ཉེན་ཁ་ལས་ཐར་རྗེས་ཕྱིར་རང་གནས་སུ་ལོག་འོངས། འགུལ་སྐྱོད་ལམ་ཐིག་ལ་ངེས་གཏན་རང་བཞིན་ལྡན་པ་དང་གོམ་པའི་ཡང་ཟོར་ལྡན། ཕྱི་རོལ་གྱི་འཚེ་བ་མེད་དུས་འགྲོ་ཞོར་དང་ཁ་ཟས་འཚོལ་ཞོར་དུ་འགྲོ་ཞིང་འགྲོས་ཅུང་དལ་མོ་ཡིན། གླ་ཡིས་རྩི་ཤིང་གི་རིགས་ཀྱི་ལོ་མ་དང་ཡལ་ག་མཉེན་པོ། ཟེའུ་འབྲུ་ཟ་ལ། རྩྭ་ཡི་རིགས་ཀྱང་བཟའ་བ་ཡིན། མཚམས་ལན་རེར་ཤ་མོ་ཡང་ཟ་བ་ཡིན། ཉིན་རྒྱུན་དགུང་དྲོའི་དུས་སུ་ཆུ་འགྲམ་དུ་བབས་ནས་ཆུ་འཐུང་ཞིང་བྲག་སྲུབས་དང་ཡིབ་སྦས་སླ་བའི་སྡོང་གསེང་ནས་ངལ་གསོས་པའི་རྗེས་ཤུལ་མཐོང་ཐུབ། 

        གླ་ལ་གླ་ཚང་གཙོ་བོ་ཞིག་དང་གནས་སྐབས་ཀྱི་གླ་ཚང་རེ་ཡོད་ཅིང་གླ་ཚང་གཙོ་བོ་ནི་བརྟན་ཆགས་ཡིན་པས་ཚང་མཐའ་ན་རིལ་མ་མང་པོ་བཏང་ཡོད། གནས་སྐབས་ཀྱི་ཚང་ནི་སྟབས་བདེ་ཡིན་ཞིང་འགྱུར་ལྡོག་ཅུང་ཆེ། གླ་ཡི་རྣ་ཤེས་དང་སྣ་ཤེས་ཀྱི་ཚོར་བ་ཤིན་ཏུ་སྐྱེན་པོ་ཡོད། ས་ངོས་ནས་ལྡིང་ན་མཐོ་ཚད་སྨི་གཉིས་ཙམ་ལ་ལྡིང་ཐུབ། 
        གླ་ཡི་སྐྱེ་འཕེལ་དུས་རིམ་ནི་སྟོན་མཇུག་ཡིན་ཞིང་མཚམས་ལན་རེར་ཕོ་གླ་དག་གིས་སྦྱོར་སྤྲོད་བྱེད་ཡུལ་གྱི་མོ་གླ་འཕྲོག་རྩོད་ཀྱི་དྲག་འཛིང་བྱེད། ཟླ་ལྔ་པ་དང་དྲུག་པར་མོ་གླ་གཅིག་གིས་གླ་ཕྲུག་གཅིག་ནས་གཉིས་རེ་བཙའ་ཞིང་མཚམས་ལན་རེར་གསུམ་རེའང་བཙའ་བ་དང་ལོ་གསུམ་ཡས་མས་སུ་དར་ལ་འབབ་པ་ཡིན།
        གླ་རྩི་ནི་བོད་སྨན་རྩ་ཆེན་དུ་འགྲོ་ཞིང་མཛེས་སྤྲས་རྒྱུ་ཆ་དང་བཟོ་ལས་རྒྱུ་ཆ་གལ་ཆེན་ཞིག་ཏུའང་འགྲོ་བས་གོང་ཆེན་ཡིན། དེ་བས་སྔོན་ཆད་མི་རྣམས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་གྱི་ཕྱིར་ཏུ་གླ་བ་མང་དུ་བསད་པ་དང་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་གྲངས་འབོར་ཇེ་ཉུང་དུ་ཕྱིན་ནས་རྒྱུད་ཆད་ལ་ཉེ་བས་གང་ལེགས་ཀྱིས་སྲུང་སྐྱོབ་བྱེད་དགོས་སོ།།
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1