དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོའི་ཚོགས་འདུ།

མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-27



 

      ཟླ་བ12པའི་ཚེས26ནས27ཉིན་གྱི་བར། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལྔ་གཉིས་གསུམ­༼ དགའ་ཞེན་ལྔ་དང་བསྲུང་བྱ་གཉིས། འགན་ཁུར་གསུམ ༽གྱི་སློབ་སྦྱོང་སློབ་གསོའི་བགྲོ་གླེང་དང་གཟེངས་བསྟོད་ཚོགས་འདུ་དར་མདོར་འཚོགས་པ་རེད།



       འགོ་ཚུགས་མཛད་སྒོའི་སྟེང་དར་མདོ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ལི་ཅུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་རྡོ་རྗེ་བཀྲ་ཤིས་གཉིས་ཀྱིས་གསུང་བཤད་གནང་བ་དང་། 2014ལོ་ནས་བཟུང་གྲོང་ཁྱེར་ནང་ཁུལ་གྱི་དགོན་སྡེ་སོ་སོར་ལྔ་གཉིས་གསུམ་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་སྔོན་ཐོན་ཅན་གྱི་དགོན་ཁག་8དང་ཕུལ་བྱུང་གི་གྲྭ་བཙུན་40ལ་གཟེངས་བསྟོད་བྱས་པ་རེད།
      འགོ་ཚུགས་མཛད་སྒོའི་རྗེས་ནས་བགྲོ་གླེང་གི་འགོ་ཚུགས་ཤིང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་མཆོག་དང་གྲོང་ཁྱེར་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་དག་གིས་གཏམ་བཤད་བྱས་ཤིང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་གྲོས་ཚོགས། ཁུལ་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་དང་གྲོང་ཁྱེར་ཨུ་ལྷན་གྱི་ཐེངས་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། དེ་བཞིན་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་གསུམ་དང་ལྟེ་གནས་གཅིག   ཚོ་ཆུང་བཞི་ཡི་འགན་ནུས་དང་འགན་འཁྲི་ཇི་ལྟར་དོན་འཁྱོལ་བྱེད་པའི་སྐོར་ནས་གྲོས་བསྡུར་བྱས་པ་དང་། ཚོགས་ཞུགས་ཀྱི་བླ་སྤྲུལ་དང་གྲྭ་བཙུན། འབྲེལ་ཡོད་ལས་ཁུངས་སོ་སོའི་གདན་ཞུ་མི་སྣ་རྣམས་ཚོ་ཆུང་གཉིས་ལ་བགོས་ཏེ་ལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོར་གཞིགས་ནས་རྒྱལ་གཅེས་ཆོས་གཅེས་དང་ཡ་རབས་ཚུལ་ལྡན་གྱི་སྤྱི་ཚོགས་དང་འཆམ་མཐུན་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པའི་ཐད་ནས་ཉམས་མྱོང་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།


      ཚེས་27ཉིན་ལ་ད་དུང་དགོན་སྡེ་སོ་སོའི་བླ་སྤྲུལ་མཁན་པོ་སོགས་མཁས་དབང་རྣམ་པས་གསུང་བཤད་ལྷུག་སྤྲོས་གནང་རྒྱུ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་དྲུག་པའི་རྒྱུན་ལས་ལས་འཛིན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱ་རྒྱུ། དེ་བཞིན་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་གསུམ་དང་ལྟེ་གནས་གཅིག   ཚོ་ཆུང་བཞི་ཡི་འགན་ནུས་དང་འགན་འཁྲི་གྲོས་འཆམ་བྱ་རྒྱུ་དང་། ཚོགས་འདུའི་ནང་དོན་ཕྱོགས་བསྡོམས་བཅས་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1