གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

༄༅།།བཀྲ་ཤིས་ཚེ་རིང་།

    སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནི1929ལོའི་ཟླ་བ3པའི་ནང་ཁམས་ཀྱི་འབའ་ཐང་དུ་སྐུ་འཁྲུངས། 1949ལོའི་ཟླ་བ9པར་གསར་བརྗེའི་ལས་དོན་ནང་ཞུགས། 1947ལོར་འབའ་ཐང་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་སློབ་གཙོ་གནང་།1950ལོར་ཟླ་བ5པ་ནས1953ལོ་བར་དུ་དར་མདོའི་དམག་དཔོན་ཚོགས་པའི་དྲུང་ཡིག་དང་ཁུལ་ལས་བྱེད་སློབ་གྲྭའི་ཁའོ་ཀྲང་གནང་། 1953ལོར་ཞི་ཁམས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཡིག་བསྒྱུར་ཁང་གི་ཀྲུའུ་རེན་གནང་། 1954ལོར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གནང་། 1958ལོར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་ཁུལ་ཨུའི་རྒྱུན་ཨུ་ཡི་འགན་བཞེས། 1963ལོར་པེ་ཅིང་དུ་གདན་འདྲེན་ཞུས་ནས་མའོ་ཙེ་ཏུང་གི་གསུང་རྩོམ་དང་པོ་ནས་བཞི་པའི་བར་བོད་ཡིག་ཏུ་བསྒྱུར་བའི་ལས་དོན་དུ་ཞུགས། 1964ལོར་ནས1973ལོའི་བར་ཁུལ་ཨུའི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་དྲིལ་བསྒྲགས་པུའུ་ཀྲང་། ལི་ཐང་རྫོང་ཨུའི་ཧྲུའུ་ཅི། ཁུལ་གསར་བརྗེ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 1973ལོར་ཟླ་བ12པར་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་གྱི་འགན་བཞེས། 1986ལོ་ནས1993ལོའི་ཟླ་བ་2པའི་བར་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པའི་འགན་བཞེས། ཐེངས་མང་རྒྱལ་ཡོངས་དམངས་ཆེན་དང་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས། ཐེངས་མང་རྒྱལ་ཡོངས་དམངས་ཆེན་དང་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས། ད་ལྟ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་དང་།ཀྲུང་ཧྭ་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གི་ལས་འགན་བཞེས་བཞིན་ཡོད།

    1978ལོར་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་དེ་བསྐྱར་དུ་འགོ་ཚུགས་ཤིང་། ཁྲེང་ཏུའུ་རུ་རྩོམ་སྒྲིག་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་སྐབས་དེའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་ལགས་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་འགན་བཞེས། ཁོང་གིས་རྒྱ་བོད་ཀྱི་མཁས་ཆེན་ཀྲང་དབྱི་སུང་དང་། ཀྲུའུ་ཝེ་ཧན། ཐུབ་བསྟན་ཉི་མ། ཉན་ཤུལ་མཁྱེན་རབ་འོད་གསལ། རྡོ་རྗེ་རྒྱལ་པོ་སོགས་མཁས་དབང་མང་དག་གདན་འདྲེན་ཞུས་ནས་རྩོམ་སྒྲིག་གི་ལས་དོན་ལ་འགོ་ཁྲིད་གནང་ཏེ་མཐར་སྤྱི་ལོ1984ལོར་ཁྱོན་བསྡོམས་ཐ་སྙད་ཁྲི་སུམ་སྟོང་ལྷག་ཙམ་ འདུས་ཡོད་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་པོད་གསུམ་གྱི་བདག་ཉིད་ཅན་དེ་དངོས་སུ་པར་དུ་བསྐྲུན་པས་རྒྱ་བོད་ཀྱི་རིག་གནས་བ་ཚོའི་དགའ་བསུ་ཆེན་པོ་ཐོབ། །
ཁོང་གིས་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་སྐབས་བོད་ཀྱི་རིག་གནས་ཉམས་ཏེ་རྒྱུན་ཆད་ལ་ཉེ་བའི་གནས་ཚུལ་ཚབས་ཆེན་ཡིན་པ་དགོངས་ནས་ཁོང་གིས་རང་གི་གོ་གནས་ཐོབ་ཤོར་གྱི་ཉེན་ཁ་ལ་མ་འཛེམ་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་སྤེལ་དུ་གཏོང་བའི་ཆེད་དུ་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་གནང་ནས་སྤྱི་ལོ1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འཛུགས་རྒྱུར་གོང་རིམ་ལ་ཆོག་མཆན་ཞུས་པ་དང་ཆབས་ཅིག    ཁམས་ཕྱོགས་ཀྱི་ཞིང་འབྲོག་གི་སོ་ནམ་པ་དང་རྫི་བོའི་ཁྲོད་དུ་ལུས་ཡོད་པའི་བོད་ཡིག་གི་རྨང་གཞི་ཅུང་བཟང་བའི་སློབ་མ་བརྒྱད་ཅུ་ལྷག་ཙམ་བསྡུས་པ་དང་། ཁོང་དང་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་འབད་བརྩོན་ཆེན་པོ་གནང་ནས་མཁས་པ་ཁག་གཅིག་བཙལ་ནས་དགེ་རྒན་དུ་གདན་འདྲེན་ཞུས་ཏེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དངོས་སུ་དབུ་བཙུགས།   ད་ལྟའི་བར་དུ་བོད་ཀྱི་རིག་གནས་རྒྱུན་འཛིན་པ་མི་ཁྲི་ལ་ཉེ་བ་ཞིག་གསོ་སྐྱོང་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་གསོ་བྱེད་པར་ཕན་འབྲས་བླ་ན་མེད་བར་ཐོབ་ཅིང་། ད་ལྟ་བོད་ཁམས་ཡོངས་ཀྱི་ལས་རིགས་སོ་སོའི་ལས་རྐང་ཐོག་བོད་ཡིག་སློབ་གྲྭའི་སློབ་མས་མ་ཁྱབ་པ་ཧ་ལམ་མེད། དེས་ན་སྐབས་དེར་བཀྲ་ཤིས་ཚེ་རིང་མཆོག་གི་སྤོབས་སེམས་དང་ལྷག་བསམ་མེད་ན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཡོད་མི་སྲིད་ལ། ཞིང་ཆེན་བོད་ཡིག་སློབ་གྲྭ་མེད་ན་བོད་ཀྱི་རིག་གནས་ཉམས་གསོ་དང་གོང་འཕེལ་འདི་འདྲ་ག་ལ་ཐུབ་ཡོད།
     1987ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་ཁྲེང་ཏུའུ་རུ་བཀའ་བསྟན་དཔེ་སྡུར་ཅུས་བཙུགས་ཤིང་། ཁོང་གི་ཅུས་ཀྲང་གིས་འགན་བཞེས། ཁོང་གི་བོད་ཁུལ་གྱི་མཁས་དབང་མང་དག་གདན་འདྲེན་ཞུས་ནས་ས་གནས་སོ་སོའི་བཀའ་བསྟན་གྱི་པར་མ་དང་བྲིས་མ་ལྷག་ལུས་མེད་པར་འཚོལ་སྡུད་གནང་ནས་བཀའ་བསྟན་དཔེ་སྡུར་གྱི་ལས་ཀའི་འགོ་བརྩམས། 1995ལོའི་ཟླ་བ3པའི་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྟན་འགྱུར་དཔེ་བསྡུར་མའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་ནས་དེབ་དང་པོ་དངོས་སུ་པར་སྐྲུན་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་ཚད་མཐོན་པོའི་བསྟོད་བསྔགས་ཐོབ་པ་དང་། ལས་དོན་དེར་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་ཐོབ་ཅིང་། མིག་སྔར་བར་དུ་རྒྱལ་ཁབ་ཀྱིས་ལས་དོན་དེའི་ཐད་འགྲོ་གྲོན་སྒོར་ཁྲི4000ལྷག་བཏང་ཟིན། ཧ་ལམ་ལོ་ཉི་ཤུའི་རིང་དུ་དཔེ་བསྡུར་ལས་དོན་པ་ཡོངས་ཀྱི་འབད་བརྩོན་འོག་མིག་སྔར་གྱི་བར་དུ་བསྟན་འགྱུར་གྱི་རིན་ཐང་ལྡན་པའི་མ་དཔེ་ཁག4དང་བཀའ་འགྱུར་གྱི་མ་དཔེ་ཁག8དང་བྲིས་པ་ཁག4བཅས་དཔེ་སྡུར་བྱས་ཟིན། འཕྲིན་ལས་འདི་དག་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་ཞིང་རིན་ཐང་ལྡན་པ་ཞིག་ཡིན་པ་སྨོས་ག་ལ་དགོས། དེའི་ནང་བྱ་བའི་ཁུར་ཆེན་བཞེས་པའི་བཀྲ་ཤིས་ཚེ་རིང་ལགས་ལོ་མང་པོ་སྔོན་ལས་འཁྱུར་ངལ་གསོ་གནང་ཟིན་ཀྱང་མུ་མཐུད་ནས་མི་རིགས་ལས་དོན་ཀྱི་རིག་གནས་ཉམས་གསོ་བྱེད་པའི་ལས་དོན་ལ་ཐུགས་བསམ་ཆེན་པོ་བཞེས་ཏེ་ཁོང་གིས་ད་ལྟ་ལའང་ཀྲུང་ཧྭ་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གི་ལས་འགན་བཞེས་ཏེ་བཀའ་བསྟན་དཔེ་སྡུར་གྱི་བྱ་བ་རླབས་ཆེན་སྒྲུབ་བཞིན་ཡོད་པས་ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་གཏན་ནས་ཁ་བྲལ་མ་མྱོང་ལ་དེའི་ཐད་རླབས་ཆེ་བའི་མཛད་རྗེས་བགྲང་ལས་འདས་པ་བཞག་ཡོད།  མཐར་སྤྱི་ལོ་2008ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་མ་རུང་འཆི་བདག་གིས་ཟིན་ཏེ་གྲོང་ཁྱེར་པད་མ་ཅན་ནས་སྐུ་ཞི་བར་གཤེགས།

39.7K

རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།།ལྷག་པ་ཕུན་ཚོགས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1