གཙོ་ངོས།>> དེང་རབས་མི་སྣ།>>བླ་སྤྲུལ་མི་ཆེན།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༦ལོའི་ཟླ་བ་༡༢ཚེས་༢༩ཉིན།

༄༅།།ཚེ་དབང་ཀུན་ཁྱབ།


      འབེ་ལོ་ཚེ་དབང་ཀུན་ཁྱབ། རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ་༡༧༡༨ལོར། ཟླ་བ་བཅུ་གཉིས་པའི་ནང་། ཡབ་འབེ་སྒྲོལ་མ་མགོན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་ཆེན་པོའི་ས་ཆ་མདོ་ཁམས་སྒང་དྲུག་ལས་མདོ་ཁམས་ཟལ་མོ་སྒང་དང༌། སྨར་ཁམས་ཀེ་རེ་སྒང་གི་བར་ནུབ་ཟླའི་ཆུ་ཀླུང་ཆེན་པོའི་ངོགས་འགྲམ་གདན་ས་ཆེན་པོ་འོག་མིན་ཀརྨའི་གཙུག་ལག་ཁང་དང་ལེ་བར་ཕྱེད་ཙམ་དང༌། བཀྲ་ཤིས་ཟུར་མང་དགོན་དང་ལེ་བར་ཙམ་འགྱང་བའི་བར་ལག་འབེ་རྫ་ཉིན་དམ་ཐོབ་སྒང་ཞེས་ལྷའི་དགེ་བསྙེན་འབེ་རྒྱལ་ཆབ་ལ་ལྗོང་བཀྲམ་གྱིས་བདེ་བར་སྐྱོང་བའི་ཡུལ་དེར་སྐུ་འཁྲུངས།   ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་ནས་མཚན་ཀརྨ་རྡོ་རྗེ་ཞེས་གནང་། དགུང་ལོ་བདུན་གྱི་ཐོག་ཟུར་མང་ཀརྨ་བསྟན་འཛིན་དབང་ཕྱུག་གི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཀརྨ་ཀུན་ཁྱབ་ཏུ་གསོལ། དེ་ནས་བཟུང་ཡི་གེ་འབྲི་ཀློག་ནས་བཟུང་བསླབ་གཉེར་གནང་། དགུང་ལོ་དགུའི་སྟེང་བཀྲ་ཤིས་ཟུར་མང་དགོན་དུ་མྱེས་རིན་པོ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་བསྐྱལ་ནས་ཀར་ལུགས་ཀུན་རིག་གི་སྒྲུབ་དཀྱིལ་སོགས་ཆོ་ག་ཆོས་སྤྱོད་ཕལ་ཆེར་བློ་འཛིན་གནང་། དགུང་ལོ་བཅུ་གཉིས་ཀྱི་ཐོག་ཏུ་ཁུ་བོ་ནས་དགུ་མཐའི་ས་རིས་ཀྱི་རི་མོ་བསླབ་པར་མཛད་ཅིང་བྱེད་རྩིས་ཀྱི་ལྔ་བསྡུས་དང་ཞལ་ལུང་གྲུབ་རྩིས་ཀྱི་རི་མོ་བསླབ་སྟེ་ལི་ཐུ་རྩོམ་སྒྲིག་གནང་། དགུང་ལོ་བཅུ་གསུམ་པའི་ཟླ་བ་དང་པོར་ཁུ་བོའི་དྲུང་ནས་ཞ་ལུའི་བཤད་སྦྱར་སྟེང་ནས་སྒྲ་ཀ་ལཱ་པའི་ས་རིས་ཀྱི་རི་མོ་བསླབས་པས་བྱང་ཆུབ་པར་གྱུར། ཞར་བྱུང་དུ་སྡེབ་སྦྱོར་རིན་འབྱུང་དང་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་བསླབས། དེ་ལོའི་བྱེད་གྲུབ་ཀྱི་ལི་ཐུ་ཉ་སྟོང་གི་གཟའ་ལྔ་བཅས་གཞུང་ལྟར་བཟོས། དགུང་ལོ་བཅུ་བཞི་པར་ལྷ་ལུང་རི་ཁྲོད་དུ་བསྟན་འཛིན་སྤྲུལ་སྐུ་དང་ཁུ་བོ་བཅས་པའི་དྲུང་དུ་ཟླ་ཤས་བསྡད། གཞུང་དང་རིག་གནས་འགའ་ཞིག་ལ་བསླབ་གཉེར་གནང་། དགུང་ལོ་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་༡༧༣༢ལོར། བདུད་རྩི་དིལ་དུ་སི་ཏུ་ཆོས་འབྱུང་ཕེབས་པར་ཞལ་དཀྱིལ་ཐོག་མར་མཇལ་ཞིང་ཕྱག་དབང་ཐོབ། དེ་ནས་རྡོ་ནང་དུ་ཕེབས་ནས་ཟླ་བ་དྲུག་བསྡད། ཐུན་མཚམས་རྣམས་སུ་སྔགས་འཆང་སྙིང་པོའི་དྲུང་ནས་ཨ་རཱ་གའི་གཏོ་སྐོར་གྱི་ལུང་རྣམས་ཞུས། དགུང་ལོ་བཅུ་དྲུག་པའི་ཆུ་གླང་སྤྱི་ལོ་༡༧༣༣ལོར་སི་ཏུ་ཆོས་འབྱུང་ཀརྨ་ལྷ་སྟེང་ཕེབས་པར་མཇལ། ལྷ་སྟེང་གི་གཙུག་ལག་ཁང་དུ་ཐོག་མར་འཇམ་དབྱངས་བརྟན་པའི་འཁོར་ལོའི་རྗེས་གནང་ནས་བཟུང་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་རྣམས་དང༌། ཀར་ལུགས་བདེ་མཆོག་ལྷ་ལྔ་དང་ཕག་མོ་ལྷ་ལྔ། ཀུན་རིག་གི་དཀྱིལ་འཁོར་གྱི་དབང་རྣམས་ཞུས། དགུང་ལོ་བཅུ་བདུན་པའི་ཤིང་སྟག་སྤྱི་ལོ་༡༧༣༤ལོར། ཟུར་མང་དགེ་ལྡན་ངེས་ལེགས་གླིང་གི་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་ལ་ཕར་སྒྲ་ཀ་ལཱ་པའི་ས་རིས་ཀྱི་རི་མོ་བསླབས། ཚུར་ལ་ཕུག་ལུགས་པའི་སྐར་རྩིས་འགའ་རེ་བསླབས། དགུང་ལོ་བཅུ་དགུ་པའི་མེ་འབྲུག་སྤྱི་ལོ་༡༧༣༦ ལོར་ཁུ་བོ་གཞོན་པ་འོད་ཟེར་སྐུ་གཤེགས་པའི་ཕྱག་རྫས་རྣམས་དགེ་ཕྱོགས་ལ་འགྲོ་ངེས་བྱས། །
 
     དེ་ནས་དཔལ་སྤུངས་སུ་ཕེབས་ཏེ་རྗེ་དབོན་ཀརྨ་དང༌། བསམ་གཏན་སྐུ་མཆེད་མཇལ། ལོ་དེར་དཔལ་སྤུངས་སུ་བཞུགས་ནས་མགོན་པོ་བེར་གྱི་བསྐང་གསོལ་ཆེན་མོ་དེ་བློ་འཛིན་བྱས། ཀར་ལུགས་ཀྱི་འདོན་ཆོག་རྣམ་ལ་བྱང་ཆུབ་པར་བསླབས། དགུང་ལོ་ཉེར་གཅིག་པའི་ས་རྟ་ལོ་སྤྱི་ལོ་༡༧༣༨པའི་གནམ་ལོ་གསར་ཚེས་ཀྱི་དབོ་ཟླའི་ནང་དེར་འཇམ་མགོན་བླ་མ་མཁན་སློབ་སྦྲགས་མ་དང༌། རྗེ་དབོན་ཀརྨ་ནས་ཀྱི་གསང་སྟེ་སྟོན་པ་མཛད་དེ་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་ཚིག་གསུམ་གྱི་བསྙེན་པར་རྫོགས་པ་ཐོབ། སྔར་གྱི་མིང་དེའི་སྔུན་ལ་ཚེ་དབང་སྦྱར་ཏེ་ཀརྨ་ཚེ་དབང་ཀུན་ཁྱབ་ཅེས་མིང་གཞན་ལས་རིང་བ་འདི་གནང༌། 
     དེ་ནས་སི་ཏུའི་རིན་པོ་ཆེའི་མདུན་ནས་ཞྭ་དམར་སྤྱན་སྔའི་ཡིག་ཆ་ལྟར་རླུང་སེམས་གཉིས་མེད་ཀྱི་ཁྲིད་དང༌། པཎ་ཆེན་གྱི་ཡིག་ཆ་ལྟར་སྒྲོལ་དཀར་ཚེ་ཁྲིད་དང༌། རིག་འཛིན་ཆེན་པོའི་བདེ་ཆེན་ཞིང་སྦྱོང་གི་ཁྲིད་རྣམས་དང་། སྙན་ངག་མེ་ལོང་མའི་དོགས་གཅོད་ཐར་ཐོར་ཞུས། དེ་ནས་རྒྱལ་མོ་རོང་གི་ཚ་ཀོར་རྒྱལ་པོས་འབོད་པ་ལྟར་རྒྱལ་རོང་དུ་གདུལ་བྱ་ཕེབས། དགུང་ལོ་ཉེར་གཉིས་པའི་ས་ལུག་སྤྱི་ལོ་༡༧༣༩ལོར་རྒྱལ་རོང་བསམ་གཏན་དགོན་དང་། ཁྲོ་ཆུ་ཤུ་བྷ་དགོན་སོགས་སུ་ཕེབས། དགོན་སྡེ་དེ་དག་གི་གྲྭ་བཙུན་རྣམས་རབ་བྱུང་གི་སྡོམ་པ་གནང་ཞིང་། ཀར་ལུགས་པའི་འདོན་ཆོས་རྣམས་བློ་འཛིན་བྱེད་བཅུག རྒྱལ་རོང་དུ་སྡོད་རིང་རྣམས་སུ་ཤི་འདྲེས་བརློམས་པའི་སྐྱ་སེར་མང་པོ་གདོན་ནད་གྲོལ་བར་བྱས། གདུལ་བྱ་ཕལ་ཆེར་ལ་དབང་ལུང་དང་། ཆོས་ཁྲིད་གནང་། སླར་དཔལ་སྤུངས་སུ་ཕེབས་ཏེ་བསྟན་དོན་ཁོ་ནས་དུས་འདའ་བར་མཛད།  
      དབོན་ཀརྨ་བསམ་འཕེལ་སྐུ་གཤེགས་སྐབས་དབོན་བསམ་གཏན་ལྕགས་རར་བཞུགས་པར་སྐུ་མདུན་བཅར་ནས་ཐུགས་གསོས་རྟ་ཞིག་ཕུལ། ལོ་དེའི་དཔྱིད་ཀར་རྗེ་དབོན་ཀརྨའི་དྲུང་ནས་ཆགས་མེད་པའི་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་དང༌། ཉིད་ཀྱིས་མཛད་པའི་སྡོམ་གསུམ་གྱི་ལུང་རྣམས་ཞུས།  
      དེ་ནས་སླར་ཡང་ཛམ་ཐང་དང་རྒྱལ་རོང་སོགས་སུ་ཕེབས་ཏེ་ཡུལ་སོ་སོའི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པས་དད་གུས་ཚད་མེད་ཐོབ། དུས་དེར་ཆི་འདུ་ཧུའི་(成都)འགྲུལ་པ་ཡུ་ནན་དུ་སོང་བའི་ངག་ལས་༧སྐུ་ཞབས་རྣམ་གཉིས་འཇང་ཡུལ་དུ་ཕེབས་པའི་(ས་སྟག་ ༡༧༥༨ལོར་ཡིན་པར་འདྲ)སྐད་ཆ་གསལ་པོ་ཐོས། དེ་ནས་ཕུན་ཚོགས་རྫོང་དུ་རྣམ་རྒྱལ་སྟེང་གི་ཀར་དགོན་བཙུགས། བཙུན་ཁྲལ་བརྒྱ་བསྡུས། ཀར་ལུགས་པའི་འདོན་ཆོག་སྤྱི་རྒྱུག་ཉེར་མཁོ་རྣམས་དང༌། ཀར་གླིང་ཞི་ཁྲོ་ཐོས་གྲོལ་གྱི་དབང་ལུང་བྱས། བེར་ནག་ཅན་གྱི་མགོན་ཁང་བཙུགས། རྟེན་གཏོར་ཟངས་མ་བརྡུང་སྟེ་དངུལ་གྱི་རྒྱན་སོགས་བཅོས། དེ་དང་སྟབས་གཅིག་ཏུ་རྒྱལ་རོང་ཤུ་བྷ་དགོན་གྱི་རྟེན་གཏོར་ཡང་བཅོས།  །
      དགུང་ལོ་ཞེ་གཅིག་པའི་ས་ཡོས་སྤྱི་ལོ་༡༧༥༩ལོར་སྒ་ལྕེ་སྐུ་མདོར་ཕེབས་སྐབས་དཔལ་ཐང་ནས་འདན་གཞུང་དུ་ཆས་ཏེ་དྲན་ཐང་དུ་དཔོན་བསོད་ནམས་མགོན་པོ་དང་མཇལ། དེ་ནས་མེ་རེ་དགོན་གྱི་ཁང་པ་ཞིང་སོགས་རྩིས་བླངས་ཏེ་རྣམ་རྒྱལ་གླིང་དུ་སླེབས། དུས་དེར་རྗེ་དབོན་ཀརྨ་ཞིང་དུ་གཤེགས་པའི་སྐད་ངན་ཐོས། དེ་ནས་ཚོས་ལ་བརྒྱུད་དེ་ཤར་དཔལ་སྤུངས་དགོན་དུ་འཇམ་མགོན་བླ་མ་དང་མཇལ། ཐོག་མ་ཉིད་ནས་རྒྱ་རྩིས་གསར་འགྱུར་སྐོར་གྱི་ཚེ་རྩིས་སོགས་ཀྱི་དཔེ་ཆ་གནང་སྟེ་རྩིས་སྐོར་གྱི་དྲི་བཤད་འགའ་རེ་གནང་བྱུང༌། འབྲས་རྩིས་སྐོར་དང་བག་རྩིས་སྐོར་སོགས་གསར་བསྒྱུར་ཞུས། དེ་ནས་རྒྱ་ཡི་མཁས་པ་ཆེན་པོ་རོ་སྥུ་གསན་གསིན་གྱིས་བསྒྲིགས་པའི་ས་དཔྱད་སྐོར་དཔེའུ་རིས་བཅས་ཀྱི་སྐོར་པུསྟི་ཀ་གཅིག་ཀྱང་གསར་འགྱུར་ཞུས། གཞན་ས་དམིགས་སྐོར་གྱི་པུསྟི་གཅིག་གི་མཛུབ་ཁྲིད་ཀྱང་གནང༌།  །
     འདི་ཡན་ཀུན་ཁྱབ་ཉིད་ཀྱིས་མཛད་པའི་རང་རྣམ་ལ་གཞིར་བཟུང་ནས་བཀོད་པ་ཡིན། འདི་མན་ཡུལ་མི་དང་དགོན་པའི་བླ་སྤྲུལ་དག་གིས་ངག་སྒྲོས་ལྟར་ཅུང་ཟད་སྤྲོས་པར། བླ་མ་འདི་ནི་རིགས་ལམ་ལ་ཐུགས་མཉེས་པོ་ཡིན་སྟབས་དུས་རྒྱུན་སི་ཏུ་ཆོས་འབྱུང་ལ་ཡང་རིགས་ལམ་གྱིས་རྩོད་པ་སློང་གི་ཡོད་པ། མཆེད་གྲོགས་ཉམས་ལེན་ཅན་རྣམས་ལའང་རྟག་པར་ཉམས་སད་པའི་ཆེད་དུ་ངན་སྨྲས་དང་། ། ཁ་བཤད་སོགས་ཀྱིས་ཉམས་ལེན་གནད་སྨིན་ཡོད་མེད་བརྟག་ཅིང་ཡོད་པར་ཟེར། སི་ཏུ་ཆོས་འབྱུང་སྐུ་གཤེགས་པ་དང་སྐུ་གདུང་མཆོད་རྟེན་བཞེངས་རྒྱུའི་ལ་ཐུགས་བརྩོན་ཆེན་པོར་གནང་། སི་ཏུའི་རང་རྣམ་གྱི་རྩོམ་འཕྲོ་དེའི་མཇུག་བསྐྱངས། ཁོང་གིས་མཛད་པ་གཙོ་བོར། །སྐུ་ཚེ་གང་པོ་སི་ཏུ་ཆོས་འབྱུང་གི་ཕྲིན་ལས་པ་གཙོ་བོར་གནང་ཞིང་། རྩིས་དང་། སྒྲ་རིག་པ། རིག་ལམ་སོགས་ལ་ལྷག་པར་མཁས། གསུང་རྩོམ་སྐོར་ལ། ཀམ་ཚང་ཆོས་འབྱུང་རབས་འབྱམས་ནོར་བུའི་ཟླ་ཤེལ། ཀུན་རིག་དང་། མི་འཁྲུགས་སོགས་ཀྱི་ཆོ་གའི་རྣམ་བཤད་སྣ་ཚོགས། གྲུབ་མཐའ་སོ་སོའི་བཞེད་ཚུལ་གྱི་རྣམ་གཞག པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་གླེང་མོལ་བྱས་པའི་ཟིན་བྲིས་སོགས་བརྗོད་བྱ་ཐུན་གྱི་ཁྱད་ཆོས་ཡོད་པའི་གསུང་རྩོམ་འགའ་ཞིག་བཞུགས་ཡོད། ཕུག་ལུགས་རྩིས་ཀྱི་བསྟན་བཅོས་བེེ་དཀར་ལ་དགག་པ་ཞིག་ཡོད་པར་གསུངས། གཡུ་ཐོག་རྣམ་ཐར་བཀའ་རྒྱ་མ་ལ་དགག་པ། གསོ་བ་རིག་པའི་ཁོག་དབུབ་བཅས་མཐའ་དཔྱད་སྐོར་མང་པོ་ཞིག་ཡོད། །
     ཁོ་བོའི་བླ་མའི་གསུང་རྒྱུན་ལྟར་ན། སི་ཏུའི་ཡང་སྲིད་པདྨ་ཉིན་བྱེད་དབང་པོ་སྐུ་འཁོར་རྣམས་དང་འབྲེལ་བ་ཡག་པོར་མ་ཆགས་པར་དགོན་པ་ལས་ཟུར་དུ་ཐོན་ཏེ་དགོན་པའི་སྟོད་ཕྱོགས་དེར་ཆུ་མྱིག་མགོ་མ་ཟེར་བའི་ཆུ་འགོ་ཞིག་ཡོད་པ་དེར་སྐུ་ཚེའི་མཇུག་མ་རྫོགས་བར་སྐུ་མཚམས་བཞུགས། ། 
 
    ཁོང་དགོང་མོར་གཟིམ་པའི་སྐབས་སུ་རི་འགོ་དེ་ནས་མར་དགོན་པའི་ཆུ་ཁར་མགོ་གཏད་དེ་གཟིམ་ཞིང་ཡོད་པར། དགོན་པའི་བླ་གྲྭ་གཞན་རྣམས་ཀུན་ཁྱབ་ཀྱིས་དགོན་པ་ལ་མཐུ་བཏང་ཞིང་ཡོད་པར་དོགས་ནས། དགོན་པ་འདི་ཁྱོད་རང་གི་བླ་མའི་དགོན་པ་ཡིན་སྟབས་མཐུ་ཟོར་མནན་གཏད་སོགས་བྱ་མི་རུང་བའི་བསླབ་བྱ་བྱས་པར། ཁོང་གིས་ཁོ་བོ་མི་ཚེ་གཅིག་ལ་ང་རང་གི་རྩ་བའི་བླ་མ་ལ་རྐུབ་བསྟན་མ་མྱོང་། དེས་ན་ད་ལྟ་བླ་མའི་སྐུ་གདུང་དགོན་ནང་དུ་བཞུགས་སྟབས་ངས་མགོ་བོ་དེར་གཏད་དེ་ཉལ་ཞིང་ཡོད་ཅེས་གསུངས་པ་རེད། ཅེས་བཤད་སྲོལ་ཡོད་འདུག སྐུ་གཤེགས་པའི་རྗེས་སུ་སྐུ་གདུང་རྗེ་ཉིད་ཀྱི་ཕ་ཡུལ་ཟུར་མང་རྡོ་དགོན་དུ་ཡར་གདན་འདྲེན་ཞུས་པ་རེད་འདུག །
     དེ་ལྟར་སི་ཏུ་ཆོས་འབྱུང་སྐུ་གཤེགས་པའི་རྗེས་སུ་ཡང་སྲིད་སྐུ་འཁོར་དང་མ་འཆམ་པ་དང་། ལྷག་པར་པདྨ་ཉིན་བྱེད་དབང་པོ་ལ་སི་ཏུ་ཆོས་འབྱུང་ལྟ་བུའི་ཐུགས་རིག་གི་རྣམ་དཔྱོད་མེད་པ་དགོངས་པའི་ཐུགས་མ་དགྱེས་པར་བྱུང་ཚུལ་ལ་བརྟགས་ན། ཁོང་སི་ཏུ་ཆོས་འབྱུང་སྐུ་གཤེགས་རྗེས་དུས་ཡུན་རིང་ཙམ་ཞིག་ཞལ་བཞུགས་ཡོད་པར་གསལ། དེས་ན་ཕལ་ཆེར་སྤྱི་ལོ་༡༧༩༠པའི་ནང་ཙམ་ཞིག་ལ་སྐུ་གཤེགས་ཡོད་པར་འདྲ། །
     ཞེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་ཐར་གནད་བསྡུས་འདི་ནི་རྗེ་ཉིད་ཀྱིས་མཛད་པའི་རང་རྣམ་དང་། རྫོང་སར་འཇམ་དབྱངས་མཁྲེན་བརྩེའི་དབང་པོས་མཛད་པའི་འབེ་ལོའི་རྣམ་བཅས་ལ་གཞིར་བཟུང་། རྗེ་བླ་མ་ཐང་བླ་ཚེ་དབང་མཆོག་གི་ཞལ་རྒྱུན་རྣམས་ཀྱིས་ཟུར་བརྒྱན་ནས་དེང་དུས་འབེ་ལོའི་གསུང་རྩོམ་ཞིབ་འཇུབ་བྱེད་མཁན་རྣམས་ལ་ལེགས་སྐྱེས་སུ་ཕུལ་བའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1