༄༅།། དབྱི།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-30


        དབྱི་ཡི་ཚུགས་ཀ་བྱི་ལ་དང་མཚུངས་ཤིང་ཆེ་ཆུང་བྱི་ལ་ལས་ཆེན་པོ་ཡོད། ནགས་ཁྲོད་དུ་འཚོ་བས་སྟུག་པོའི་ནགས་ཚལ་དང་བྲག་རིའི་སྟེང་དུ་རྒྱུན་དུ་མཐོང་ཐུབ། དབྱི་ནི་ཁེར་རྐྱང་གིས་སྡོད་པར་དགའ་བ་དང་བྲག་ངོས་སུ་འགོ་བ་དང་ཆུ་ལ་རྐྱལ་བར་མཁས། ལྟོགས་བསྲན་ཐུབ་པ་དང་གནས་གཅིག་ནས་ཉིན་ཁ་ཤས་ལ་ཉལ་ནས་སྡོད་ཐུབ། གྲང་ངར་ལ་མི་སྐྲག་ལ་ཤྭ་བ་སོགས་རི་དྭགས་ཆེ་འབྲིང་གི་རིགས་ཀྱི་ཤ་ཟ་བ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས། 
        ལྗིད་ཚད་ལ་སྤྱི་རྒྱ་40ཡས་མས་ཡོད་ཅིང་གཟུགས་པོའི་རིང་ཚད་ལ་ལི་སྨི་90ནས་ལི་སྨི་130ཡས་མས་ཡོད། གཟུགས་སྦོམ་ཞིང་སུག་བཞི་རིང་བ་དང་རྔ་མ་ཐུང་། ཟ་ཀོང་གཉིས་ནས་སྤུ་རིང་བོ་སྐྱེས་ཡོད་ཅིང་ལྟོ་བའི་ནང་གི་སྤུའང་རིང་པོ་ཡོད། 
        སྒལ་པའི་ཁ་དོག་ཅུང་མདངས་དང་ལྡན། ལུས་ཡོངས་སུ་གཟིག་གི་ཐིག་ལེ་ལྟ་བུས་ཡོངས་སུ་ཁེངས་ཡོད། སྒལ་གཞུང་གི་སྤུ་མདོག་སྣ་ཚོགས་དང་ལྡན་ཏེ། སྐྱ་བོ་དང་ཁམ་སྨུག་སོགས་སྣ་མང་པོ་ཡོད། 
        དབྱི་ཡི་ཁྱབ་ཁོངས་ཅུང་རྒྱ་ཆེ་ཞིང་བྲག་སྲུབས་དང་རྡོ་སྲུབས་ནས་སྡོད་ལ། དགོང་མོའི་དུས་སུ་འགུལ་སྐྱོད་བྱེད་པ་ཡིན། མིག་ཤེས་དང་རྣ་ཤེས་ཀྱི་ཚོར་བ་སྐྱེན་པོ་ཡོད་ཅིང་བྱི་བའི་རིགས་སྣ་ཚོགས་དང་འཕྱི་བ། རི་བོང་། ཨ་བྲ་སོགས་དང་བྱ་རིགས་སྣ་ཚོགས་བཟུང་ནས་ཟ་བར་མ་ཟད། མཚམས་ལན་རེར་གཟུགས་གཞི་ཅུང་ཆུང་བའི་གནའ་བ་སོགས་ཀྱང་བཟུང་ནས་ཟ་བ་ཡིན། 
        དབྱི་ཡི་རང་གཤིས་གཡོ་སྒྱུ་ལྡན་ཞིང་གཟབ་ནན་ཡིན། ཉེན་ཁར་ཐུག་ཚེ་དེ་མ་ཉིད་དུ་སྡོང་མགོར་འགོས་ནས་ཡིབ་ཅིང་མཚམས་ལན་རེར་ཐང་ལ་ཉལ་ནས་ཤི་ཁུལ་བྱེད་ནས་དགྲ་བོའི་ཚུར་རྒོལ་དང་གནོད་འཚེ་ལ་གཡོལ་བར་བྱེད། སྟག་དང་གཟིག་གསའ། དོམ་སོགས་ནི་རང་བྱུང་གི་གཉན་པོ་ཡིན་པ་དང་སྤྱིར་བཏང་དུ་མི་ལ་གནོད་པ་མི་བྱེད་ལ་འུ་ཐུག་ན་རྒོལ་བར་བྱེད། 
        དབྱི་ནི་ལོ་རེའི་ཟླ་གསུམ་པ་ནས་བཞི་བར་སྦྱོར་སྤྲོད་བྱེད་ཅིང་མངལ་སྦྲུམ་པའི་དུས་ཡུན་ཕལ་ཆེར་ཟླ་གཉིས་ཙམ་ཡིན། བཙའ་ཐེངས་གཅིག་ལ་ཕྲུ་གུ་གཉིས་དང་གསུམ་བཙའ་བ་དང་ཟླ་གཅིག་འགོར་ན་སྲ་གཟུགས་ཀྱི་ཟ་མ་བཟའ་ཐུབ་ཅིང་ལོ་གཅིག་འགོར་ན་ཨ་མ་དང་བྲལ་ནས་འགྲོ། ཚེ་ཚད་ལོ་བཅུ་གཉིས་ནས་བཅོ་ལྔ་ཡིན། 

        དབྱི་ཡི་པགས་པ་ནི་རྩ་ཆེན་ཞིག་ཡིན་པ་དང་དབྱི་ཡི་རྒྱུ་མ་བོད་སྨན་དུ་འགྲོ་བ་སོགས་ཀྱི་དབང་གིས་མི་རྣམས་ཀྱིས་དབྱི་གསོད་དྲགས་པས་ད་ལྟ་དབྱི་ནི་མཐོང་དཀོན་པའི་སྲོག་ཆགས་སུ་གྱུར་ཡོད་ཅིང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲོག་ཆགས་སུ་གྱུར་ཡོད།།

        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1