རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2017ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་ཕུལ།

མིག་དམར་རྒྱ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 01-01


 
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསན་མཁན་རྣམ་པ་ཚོ། གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས། འབྲེལ་མཐུད་དྲ་རྒྱ་བཅས་བརྒྱུད་ནས། སྤྱི་ལོ་2017ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས་གནང་ཡོད། 
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། སྐུ་མཁྱེན་མ་རྣམ་པ། སྐུ་ཞབས་རྣམ་པ། 
        སྤྱི་ལོ་2016ལོ་འདས་ལ་ཉེ་བ་དང་། གནམ་ལོ་གསར་པའི་ཅོང་སྒྲ་བསྒྲག་ལ་ཉེ། ལོ་རྙིང་ལ་སྐྱེལ་མ་དང་ལོ་གསར་པར་བསུ་བ་ཞུ་བའི་དུས་བཟང་འདིར། ངོས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ཀྱི་ཚབ་མཛད་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་གྲོགས་པོ་རྣམ་པར་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། 
        སྤྱི་ལོ་2016ལོ་ནི། ཀྲུང་གོའི་མི་དམངས་ཀྱི་ངོས་ནས་བཤད་ན། སྤྱིར་བཏང་མ་ཡིན་པའི་ལོ་ཟླ་ཞིག་ཡིན་ལ། བརྗེད་པར་དཀའ་བའི་ལོ་ཞིག་ཀྱང་ཡིན་ཞིང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་ཡོད། ང་ཚོས་ཧུར་ཐག་འབད་ཐག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱས་ནས། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་དེ་མུ་མཐུད་འཛམ་གླིང་གི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ཧུར་ཐག་འབད་འཐག་གིས་སྒོ་ཀུན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་རྒྱུར་སྐུལ་འདེད་བཏང་ནས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐད་གལ་ཆེའི་གོམ་སྟབས་སྤོས་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་འགག་སྒྲོལ་ཆེན་པོ་བྱུང་བ། ཁྱབ་ཁོངས་ཁག་ནང་ཀ་བརྒྱད་གདུང་བཞི་རང་བཞིན་གྱི་སྒྱུར་བཅོས་གཙོ་གཟུགས་གཞི་རྩའི་ཆ་ནས་བརྟན་པོར་ཚུགས་ཡོད། ང་ཚོས་ཧུར་ཐག་འབད་ཐག་གིས་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་བཏང་ནས། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་། ཁྲིམས་འཛིན་གཞུང་དྲང་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་དྲང་བདེན་གཞུང་དྲང་ལ་སྲུང་སྐྱོབ་བྱས་ཡོད། ང་ཚོས་ཧུར་ཐག་འབད་ཐག་གིས་སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུར་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་སྟག་སྦྲང་མཉམ་འདུལ་བྱས་ནས། ཆབ་སྲིད་སྐྱེ་ཁམས་མུ་མཐུད་དྭངས་གཙང་བཟོས་པ་དང་། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་མུ་མཐུད་ནས་ལེགས་འགྱུར་བྱུང་ཡོད། 
        སྤྱི་ལོ་2016ལོར་ཀྲུང་གོའི་རྒྱང་ཤེལ་ཆེན་མོ་བཙུགས་ཟིན་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཝུ་ཁུང་རྟགས་ཅན་གྱི་སྲུང་སྐར་འཁོར་ལམ་ཐོག་འཁོར་རྒྱུག་ལོ་གཅིག་བྱས་པ། མོ་ཙེ་རྟགས་ཅན་གྱི་སྲུང་སྐར་བར་སྣང་ཁམས་སུ་འཕེན་གཏོང་བྱས་པ། ལྷ་གྲུ་བཅུ་གཅིག་རྟགས་ཅན་དང་། བར་སྣང་ཕོ་བྲང་གཉིས་པ་རྟགས་ཅན་རྒྱུ་སྐར་གོ་ལའི་ཐོག་འཁོར་སྐྱོད་བྱས་པ། ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པར་གྲུབ་འབྲས་ཡག་པོ་ཐོབ་པ། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་དུས་ཡུན་ལོ་བཅུ་གཉིས་རྗེས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ། ད་དུང་སྒྱུར་བཅོས་བྱས་པ་བརྒྱུད་གྲོང་གསེབ་ནས་སྤོ་སྒྱུར་བྱས་པའི་མི་སྣ་གྲོང་མི་ཅན་ལ་འགྱུར་རྒྱུ་སྔར་བས་སྟབས་བདེ་རུ་སོང་བ། དབུལ་ཕོངས་ས་ཁུལ་གྱི་བྱིས་པ་མང་པོ་ཞིག་གི་སློབ་ཞུགས་ཆ་རྐྱེན་ལེགས་བཅོས་བྱུང་བ། མང་ཚོགས་ཀྱིས་ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་བཟོ་ཐུབ་པ་བྱུང་བ། ཡུན་རིང་ཐེམ་ཐོ་མེད་པའི་མི་ཁག་གཅིག་ལ་ཐེམ་ཐོ་བཟོས་པ། མང་ཚོགས་མང་པོ་ཞིག་ལ་རང་ཉིད་ཀྱི་ཁྱིམ་ཚང་སྨན་པ་ཡོད་པ། རྒྱུག་ཆུ་ཚང་མར་ཆུ་དཔོན་ཡོད་པ་བཅས་དེ་དག་ཐམས་ཅད་ཀྱིས་ང་ཚོར་དགའ་ཞིང་བློ་བདེ་བ་བྱུང་ཡོད། 
        སྤྱི་ལོ་2016ལོར། མཛེས་སྡུག་ལྡན་པའི་ཤི་ཧུའུ་མཚེའུ་ཡི་འགྲམ་དུ་ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཅིག་པ་སྐོང་འཚོགས་བྱས་ཏེ། འཛམ་གླིང་ལ་ཀྲུང་གོའི་བློ་རིག་དང་། ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད་ལ་འཛམ་གླིང་ལ་ཀྲུང་གོའི་བག་ཆགས་དང་ཀྲུང་གོའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ང་ཚོས་ཞི་བའི་གོང་འཕེལ་རྒྱུན་འཁྱོངས་དང་། མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། སུ་ཞིག་གིས་གནད་དོན་དེའི་ཐད་སྐྱོན་འཚོལ་སྒྲོ་འདོགས་བྱས་ཚེ་ཀྲུང་གོའི་མི་དམངས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད། 
        ལོ་འདིའི་ནང་། ས་ཆ་མང་པོར་རང་བྱུང་གནོད་འཚེ་དང་བདེ་འཇགས་ལས་འཛོལ་གྱི་དོན་རྐྱེན་ཐོན་པ་དེས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་དང་ཐོན་སྐྱེད་འཚོ་བར་གྱོང་གུན་ཚབས་ཆེན་བཟོས་ཡོད་པས། ང་ཚོར་ཧ་ཅང་བློ་ཕངས་པོ་བཟོས་ཡོད། ཀྲུང་གོའི་ཞི་སྲུང་དཔུང་སྡེའི་བློ་མཐུན་ཁ་ཤས་ཀྱིས་དཔའ་ཉམས་ངང་ནས་རང་སྲོག་བློས་བཏང་བ་དང་། འཛམ་གླིང་གི་ཞི་བདེའི་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཡོད་པས། ང་ཚོས་ཁོང་ཚོར་དྲན་གསོ་ཞུ་རྒྱུ་དང་། ཁོང་ཚོའི་གཉེན་ཉེར་ལྟ་རྟོག་ཡག་པོ་བྱེད་དགོས། 
        སྤྱི་ལོ2016ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་གིས་རྒྱང་སྐྱོད་ལ་རྒྱལ་ཁབ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་ཡོད། ང་ཚོས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བའི་སྔོན་བྱོན་རྣམ་པ་སེམས་སུ་བརྟན་པོར་ངེས་དགོས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས། 
        བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། སྐུ་མཁྱེན་མ་རྣམ་པ། སྐུ་ཞབས་རྣམ་པ། 
        གསར་རྙིང་ཕན་ཚུན་བརྗེ་རེས་དང་། ཉི་མ་འཆར་ནུབ་ཡུན་དུ་གནས། འཆར་ལ་ཉེ་བའི་སྤྱི་ལོ་2017ལོར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་འཚོགས་བྱ་རྒྱུ་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ། སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྒོ་ཀུན་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན། གནམ་ནས་ཤ་བག་ལེབ་ལྷུངས་མི་སྲིད་ཅིང་། འབད་འཐབ་བྱས་ན་གཞི་ནས་ཕུགས་འདུན་མངོན་འགྱུར་ཡོང་ཐུབ། 
        འབྱོར་འབྲིང་གི་ལམ་བུའི་ཐོག་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱ་དགོས། ལོ་གཅིག་རིང་། དབུལ་ཕོངས་མི་འབོར་བྱེ་བ་གཅིག་སླར་ཡང་དབུལ་གྲོལ་ཐུབ་པ་དང་། དབུལ་གྲོལ་འགག་གཏོར་གྱི་འཐབ་ས་དང་པོར་འབད་འཐབ་གནང་བཞིན་པའི་བློ་མཐུན་རྣམས་སྐུ་ལས་ཁག་སོང་། ངོས་ནས་བློ་མཐུན་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། གནམ་ལོ་གསར་པ་ཤར་བའི་སྐབས་འདིར་ངོས་ནས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་སྔར་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ཡིན་ཞིང་། ཁོང་ཚོའི་ཟས་སྡོད་ཀྱི་གནས་ཚུལ་གང་འདྲ་ཡོད་མེད་དང་། ལོ་གསར་ཡག་པོ་གཏོང་ཐུབ་མིན། དཔྱིད་གསར་དུས་ཆེན་ཡག་པོ་གཏོང་ཐུབ་མིན་སོགས་ཡིན། མང་ཚོགས་ཁག་གཅིག་ལ་ལས་ཞུགས་དང་། བུ་ཕྲུག་གི་སློབ་གསོ། སྨན་བཅོས། སྡོད་ཁང་སོགས་ཀྱི་ཐད་ད་དུང་དཀའ་ངལ་ཁ་ཤས་འཕྲད་ཡོད་པ་ཤེས་ཀྱི་ཡོད་པས། གནད་དོན་དེ་དག་ཐག་གཅོད་ཟམ་མི་ཆད་པ་བྱ་རྒྱུ་ནི་ཏང་དང་སྲིད་གཞུང་གི་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡིན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མུ་མཐུད་དབུལ་ཕོངས་མི་འབོར་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་རོགས་རམ་བྱས་ནས། སྒྱུར་བཅོས་གོང་འཕེལ་གྱི་འབྲས་བུས་མང་ཚོགས་དེ་བས་མང་བར་ཕན་པ་བསྐྲུན་པ་དང་། མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་སྐྱིད་པོ་ཡོང་བ་བྱེད་དགོས། 
        གོང་འོག་བློ་སེམས་མཐུན་ན་དོན་ཆེན་འགྲུབ་ཅེས་པ་ལྟར། ང་ཚོའི་མི་དམངས་དུང་ཕྱུར་༡༣ལྷག་གིས་ཕྱར་བ་གྲུ་འདེགས་དང་། རང་རེའི་ཏང་གིས་དུས་ནམ་ཡང་མི་དམངས་དང་མཉམ་དུ་འབད་འཐབ་བྱས་ན། ང་ཚོས་ང་ཚོའི་མི་རབས་འདིའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་ཐུབ་ངེས་ཡིན། 
        བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། སྐུ་མཁྱེན་མ་རྣམ་པ། སྐུ་ཞབས་རྣམ་པ། 
        ཀྲུང་གོ་བས་སྔར་ནས་བཟུང་འཛམ་གླིང་སྤྱི་མཚུངས་དང་། གནམ་འོག་ཁྱིམ་ཚང་གཅིག་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་འཚོ་བ་ཡག་པོ་སྐྱེལ་བའི་རེ་བ་བྱེད་པ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བ་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མིག་སྔར། དམག་འཁྲུག་དང་དབུལ་ཕོངས་ཀྱིས་སྔར་བཞིན་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་ལ་དཀའ་ངལ་བཟོ་གི་ཡོད་པ་དང་། ནད་ཡམས་དང་གནོད་འཚེས་ཀྱིས་ཀྱང་རྟག་ཏུ་མི་མང་པོ་ཞིག་ལ་གནོད་འཚེ་བཟོ་གི་ཡོད། ངོས་ནས་ལྷག་བསམ་ཟོལ་མེད་ངང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ལག་གདང་སྦྲེལ་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གི་འདུ་ཤེས་རྒྱུན་འཛིན་བྱས་ནས། ང་ཚོའི་འཛམ་བུའི་གླིང་དེ་དེ་བས་ཞི་བདེ་དང་དེ་བས་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། 
        ང་ཚོས་སེམས་ཤུགས་དང་རེ་སྒུག་གིས་ཁེངས་པའི་ངང་ནས་གནམ་ལོ་གསར་ཚེས་ཀྱི་ཅོང་སྒྲར་བསུ་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1