གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༦ཚེས་༢༩ཉིན།

ཉི་མ་ཚེ་རིང་།

    ཉི་མ་ཚེ་རིང་ནི་དཀར་མཛེས་ཁུལ་གྱི་འབའ་ཐང་དུ་སྐྱེས་པ་དང་། ཆུང་དུས་ནས་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་ཁམས་སྡེ་དགེ་རུ་འཚར་ལོངས་བྱུང་། ཁོང་གི་ཁྱད་དུ་འཕགས་པའི་བཟོ་རྩལ་བཅས་ལས་བོད་གངས་ཅན་ལྗོངས་ཀྱི་ངོ་མཚར་བའི་རི་ཆུ་དང་གཏིང་དཔོག་དཀའ་བའི་རིག་གནས། ལོ་རྒྱུས། འཇིག་རྟེན་གྱི་རྣམ་པ་ཡོངས་སུ་མཐོང་ཐུབ། ཁོང་གིས་བྲིས་པའི་རི་མོའི་ཁྱད་ཆོས་གཙོ་བོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་བོད་ཀྱི་སྲོལ་རྒྱུན་གྱི་འབྲི་སྟངས་གཞིར་བཞག་སྟེ་བསམ་ཡུལ་ལས་འདས་པའི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་རི་མོའི་སྐྱ་རིས་འཐེན་ཚུལ་དང་ནུབ་ཕྱོགས་སྒྱུ་རྩལ་གྱི་འབུར་གཟུགས་བཅས་འདྲེས་མའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཞིག་ལྡན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀ་དང་བསྡུར་ནའང་དབྱེ་བ་ཆེན་པོ་ལྡན་པའི་བོད་ཐང་གསར་མའི་འབྲི་སྲོལ་ཞིག་ཆགས་ཡོད། 
ཉི་མ་ཚེ་རིང་གི་རི་མོའི་ནང་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དཔེར་ན་འབྲུག་མོས་ལྷ་བྱ་ཁྲུང་ཁྲུང་ལ་འཕྲིན་བསྐུར་བ་དང་།  མཐུན་པ་སྤུན་བཞི། མུ་འབྲེལ་རི་མོ་གླིང་གེ་སར་རྒྱལ་པོ། ལྡེབ་བྲིས་པཎ་ཆེན་སྐུ་ཕྲེང་བཅུ་པ། སྲོལ་རྒྱུན་རི་མོ་མི་ལ་རས་པ། དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་གནས་མཆོག་གི་རྨི་ལམ་དང་ཚེ་སྲོག དཀར་ནག་གི་འཇིག་རྟེན་སོགས་སྒྱུ་རྩལ་གྱི་མཚོན་སྟངས་རྣམ་པ་སྣ་ཚོགས་ལྡན་ནོ། ། ཁོང་གིས་བྲིས་པའི་བོད་རིས་ནི་ཐང་ཀ་རྐྱང་པ་མ་ཡིན་ཞིང་།  དེ་ནི་རྒྱ་མིས་བལྟས་ན་བོད་རིས་འདྲ་བ་དང་། བོད་མིས་བལྟས་ན་རྒྱ་རིས་འདྲ་བ།  ཕྱི་རྒྱལ་བས་བལྟས་ན་ཀྲུང་གོའི་རི་མོ་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ལྡན་ཡོད། 
    ཉི་མ་ཚེ་རིང་ནི་རང་གིས་བྲིས་པའི་རི་མོ་འཁྱེར་ནས་རང་རྒྱལ་ཙམ་དུ་མ་ཟད་འཛམ་གླིང་གི་གླིང་ཆེན་ལྔ་ལའང་བསྐོར་བ་བརྒྱབ་པའི་བོད་ཀྱི་རི་མོ་བ་ཞིག་ཡིན།  ཁོང་གིས་སྔོན་རྗེས་སུ་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། ཝའོ་ལོ་སི། རྒྱ་གར། ཨོ་སི་ཁྲུ་རི་ཡ། ལྗར་པན། ཐུར་ཁེ། སུའེ་ཙེར། སེང་ཀ་ཕོར། སི་ཕེན། ཨེ་ཅིབ། དབྱི་སི་རལ། ཨར་པ་ནི་ཡ། ཧན་གོ་སོགས་རྒྱལ་ཁབ་དང་ཐའོ་ཝན་དང་ཧང་ཀང་ས་ཁུལ་སོགས་ཀྱི་མཛེས་རྩལ་ཁང་གྲགས་ཅན་ནང་མི་སྒེར་གྱི་རི་མོ་འགྲེམ་སྟོན་བྱས་ནས་སྐད་གྲགས་ཆེན་པོ་ཆགས་ཤིང་ཨ་རིའི་རྒྱང་བསྒྲགས་ཁང་དང་དབྱིན་ཇིའིBBCཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རྒྱལ་ཁབ་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཐོག་ཁོང་གི་ཆེད་བཀོད་ལེ་ཚན་སྤེལ་བ་དང་། ད་དུང་མི་དམངས་ཉིན་རེའི་ཚགས་པར་དང་། ཀྲུང་གོའི་བརྙན་དེབ། ཀྲུང་གོའི་མཛེས་རྩལ་སོགས་ཀྱི་ཚགས་པར་དུས་དེབ་བཅུ་ཕྲག་ཁ་ཤས་ཐོག་པར་ངོས་རྒྱ་ཆེན་ཕུད་ནས་ཉི་མ་ཚེ་རིང་དང་ཁོང་གི་རི་མོའི་སྐོར་དྲིལ་བསྒྲགས་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རྒྱལ་ཁབ་ཕྱི་འབྲེལ་པུའུ། རིག་གནས་པུའུ་སོགས་ཀྱིས་ཀྱང་དམིགས་བསལ་དུ་གཟེངས་བསྟོད་གནང་ཡོད། 
   ཁོང་གིས་ད་སྔོན་བར་པཎ་ཆེན་སྐུ་ཕྲེང་བཅུ་པའི་ལྷ་བཟོ་བ་ཉི་མ་ཚེ་རིང་གི་རི་མོ་འདེམས་བཀོད་དང་།  ཉི་མ་ཚེ་རིང་གི་རི་མོ་ཕྱོགས་བསྒྲིགས། ནང་པ་སངས་རྒྱས་པའི་གཏམ་རྒྱུད། གངས་ལྗོངས་ལ་བསྟོད་པ། དབེན་གནས་སོགས་ཀྱི་རི་མོའི་བརྙན་དེབ་པར་དུ་བསྐྲུན་ཡོད་པ་དང་།  ཡོན་བོད་ཀྱི་མཐུན་འབྲེལ་དང་། གངས་ལྗོངས་སོགས་རི་མོ་མང་དག་ཀྲུང་གོའི་མཛེས་རྩལ་ཁང་དང་རྒྱལ་ཕྱིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།  
   ད་ལྟ་ཁོང་རྒྱལ་ཁབ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མི།  ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི།   རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཤེས་ཡོན་པ་བཅས་ཀྱི་གོ་མིང་མང་དག་འཛིན་ཡོད།   

39.7K

རྩོམ་ཡིག་སྔོན་མ།
སྐལ་བཟང་ཡེ་ཤེས།
རྩོམ་ཡིག་རྗེས་མ།
དཔལ་བསྡུས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1