༄༅།།རིགས་རུས་ལས་འཕྲོས་པའི་གཏམ་འཇིག་རྟེན་རྒན་པོའི་ཁ་རྒྱན་ཞེས་བྱ་བ།

བན་ཤུལ་དཔལ་མཁར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-04


        དེ་ལ་རིགས་རུས་ཆོ་འབྲངས་ཀྱི་སྐོར་ལས་ཅུང་ཟད་གླེང་བར་བྱ་བ་ལ། ཁ་ཅིག་གིས་རིགས་རུས་གཉིས་པོ་གཅིག་ཏུ་བྱས་པ་སོགས་སྐྱོན་གྱི་ཕུང་བོར་སོང་བའི་ལས་མང་དུ་རྩོམ་ནའང་། རིགས་རུས་གཉིས་སོ་སོ་བ་སྟེ། རིགས་ནི་རང་གི་ཁྱད་ཆོས་དུ་མ་རང་དང་བདག་ཉིད་གཅིག་ཏུ་འབྲེལ་ཞིང་གཞན་གྱི་ཁྱད་ཆོས་དེ་རང་ལ་མི་འབྱོར་ཞིང་རང་གི་ཡིན་པ་དུ་མས་གྲུབ་པའི་རིགས་ཅན་ལ་བྱ་བ་ཡིན། དེ་ལྟ་བུའི་ངོ་བོར་གནས་པའི་རུས་ནི། ཤ་ཁྲག་རུས་གསུམ་གྱི་ཟླས་དྲངས་བའི་རུས་པའི་མིང་ཡིན་ལ་འཇིག་རྟེན་པའི་ལུགས་ལ་ཕའི་རུས་པ་གཙོ་བོར་བཟུང་བའི་རྒྱུད་པ་དེ་ལ་རུས་རྒྱུད་ཅེས་འདོགས་ཤིང་། སྐབས་ཁ་ཤས་སུ་རུས་པར་ཞེ་ས་ཞུས་ནས་གདུང་རྒྱུད་དུའང་འབོད་ཅིང་། དེ་ལྟར་མི་རབས་མང་བོ་སོང་བས་གདུང་རབས་ཀྱང་ཟེར་བས་ཐ་སྙད་འདི་རྣམས་གཅིག་ཏུ་མ་འདྲེས་པར་སོ་སོར་དཔྱད་དགོས་པ་ཡོད་དེ། དཔེར་ན་མྱང་ཏིང་འཛིན་བཟང་པོའི་རིགས་རུས་གང་ཡིན་ཟེར་དུས་རིགས་རྒྱལ་རིགས་དང་རུས་མྱང་ཡིན་ཞེས་བྱ་དགོས་པ་ཡིན། འོ་ན་གནའ་བོའི་རྒྱ་གར་ལ་དེ་ལྟར་རིགས་ཀྱི་དབྱེ་བ་ཡོད་པས་བོད་ལའང་ཡོད་པར་འདོད་དམ་ཞེས་ཐེ་ཚོམ་པར་བྱེད་ན་སླ་སྟེ། སྟག་ལུང་གདུང་རབས་ལས། ཡེ་སང་དཀར་བོ་གནམ་གྱི་འཇུ་ཐག་ཅན། ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་ཅན། སྤྱ་ཕྲུག་ཡེ་ཤེས་ལྷའི་སྒྲོན་མེ་ཅན། མོན་རྫི་ནག་པོ་ཁྱིའི་རྔ་ལྗང་ཅན། ཞེས་རིགས་བཞི་འགོད་གནང་མཛད་པ་དེ་བོད་དུ་བྱུང་བའི་ཆེས་སྔ་བའི་རིགས་ཀྱི་གྲལ་རིམ་མཐོ་དམན་གྱི་རིམ་པ་དེ་ཡིན། རྒྱལ་མཆོག་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་རིགས་འདི་བཞི་བོ་ཇི་བཞིན་དྲངས་ནས་རུས་ཆེན་བཞི་ལས་གྱེས་པའི་ཁམས་ཡིན་ཚུལ་གསུངས་ཡོད། དེ་ལ་འདིའི་སྐབས་ཀྱི་ཁམས་བྱ་བ་ནི་བྱེད་ལས་དང་ནུས་པར་གོ་དགོས་པ་སོགས་བཤད་བྱ་ཤིན་ཏུ་མང་ཡང་ཞིབ་པར་གུས་པའི་དཔྱད་རྩོམ་བོན་གྱི་སྒོང་སྐྱེས་ལྟ་བའི་སྐོར་གྱི་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་གྱི་ལེའུ་བཞི་བར་བྲིས་ཡོད་པས་དེ་ལ་གཟིགས་རོགས། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་རིགས་བཞི་བོ་འདི་ནི་གནའ་བོའི་བོན་རྒན་རྣམས་ཀྱི་འཆད་ཚུལ་ཤིག་ཡིན་པར་གསུང་བ་ནི་རྨད་དུ་བྱུང་བའི་ལེགས་བཤད་དུ་ཤེས་དགོས་ལ། དེ་བཞིན་ལོ་རྒྱུས་སྨྲ་དབང་བཤད་སྒྲུབ་རྒྱ་མཚོས་ཀྱང་རིགས་བཞི་བོ་འདི་ལ་འགྲེལ་བཤད་བསྐྱོན་པ་ནི་ཤིན་ཏུ་མད་པར་མཐོང་ནའང་དགོངས་ཚུལ་ཁ་ཤས་ལ་ད་དུང་དཔྱད་དགོས་པ་ཡོད་དམ་སྙམ།གང་ལྟར་ཡེ་སང་དཀར་བོ་སོགས་ཀྱི་ཁྱད་ཆོས་རྣམས་ནི། རང་རང་གི་རྗེས་སུ་འཇུག་པ་དུ་མར་ཁྱབ་པ་ཞིག་གམ་རིགས་ཀྱི་གྲལ་རིམ་མཐོ་དམན་གྱི་དབྱེ་བ་མཚོན་བྱེད་ཙམ་དུ་འཇོག་དགོས་པ་སོགས་དཔྱད་བྱ་ཤིན་ཏུ་མང་ཡང་འདིར་དཔྱད་སྒོ་ཅུང་ཟད་ཕྱེ་བ་ཙམ་ལས་ཞིབ་པར་སྤྲོ་མི་འདོད་པས་བཞག་པ་ཡིན།  
        བོད་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་སུ་འཛམ་གླིང་ན་གྲགས་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཡོད་ལ་མཐའ་བཞི་ཐམས་ཅད་གངས་རིས་ཡོངས་སུ་བསྐོར་ཞིང་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ལ་ལམ་སེང་འབྲེལ་བ་གནང་མི་ཐུབ་པའི་ཁར་རང་རྐྱ་ཐུབ་པའི་ཁོར་ཡུག་ཅིག་ཏུའང་སོང་ཡོད་གཤིས་འདི་ལྟ་བུའི་ཁོར་ཡུག་གིས་བོད་མི་རྣམས་ཀྱི་སེམས་ཁམས་ལ་བསྒྱུར་ཏུ་མེད་པའི་ཤུགས་རྐྱེན་དང་སྲུང་སྐྱོབ་ངོམས་དུ་རི་བ་གནང་ཡོད།
        བོད་ཀྱི་ཡུལ་ལྗོངས་འདི་ལ་མཚོན་ན་ཕྱི་སྣོད་ཀྱི་བཀོད་པ་ཐམས་ཅད་ནི་ཡུལ་གཞན་དང་མ་འདྲ་བའི་ཁྱད་ཆོས་དུ་མ་ལྡན་པ་ཞིག་སྟེ། མཐའ་བཞི་གངས་ཀྱི་རི་བོ་དུ་མས་ཡོངས་སུ་བསྐོར་ཞིང་དུས་བཞིའི་འགྱུར་བ་སྙོམས་ལ་རི་བྲག་ནགས་གསུམ་དང་གཅན་དྭགས་གཡུང་གསུམ་སོགས་རང་དགར་རྩེན་པའི་གནས་ཕུལ་དུ་བྱུང་བ་ཞིག་ཡིན་པའི་སྐོར་གནའ་བོའི་དུས་ཀྱི་ཡིག་ཚངས་མང་པོར་ཡང་མགྲིན་དབྱངས་གཅིག་ཏུ་གསུངས་བ་དེ་དེ་བཞིན་ནོ།། དེ་ཡང་དིང་སང་གི་ཚན་རིག་ལ་སྒོ་བསྟུན་ནས་ཅུང་ཟད་ཞུས་ན་འདི་ལྟ་སྟེ། ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་གངས་རི་མཐོན་པོ་རྣམས་ཀྱིས་བྱེ་ཚན་དུ་ཉ་ཚོས་པའི་རྒྱ་གར་འཕགས་པའི་ཡུལ་དང་གྲང་ངར་གྱིས་ཁ་འདར་བའི་བོད་ཡུལ་གཉིས་ཀྱི་བར་ཆོད་པར་བྱས་ཡོད། དེ་ལྟ་བུའི་རང་བྱུང་ས་གཤིས་ཀྱི་གྲུབ་སྟངས་ལ་བརྟེན་ནས་སྔོན་གྱི་བསྟན་བཅོས་རྣམས་ཀ་ཡང་འགའ་ཞིག་གིས་བོད་དུ་ནང་ཆོས་དར་བས་རིགས་རུས་ཀྱི་དབྱེ་བ་སོགས་མེད་པར་བཟོས་ནས་ཉམས་པར་བཤད་དེ། རྒྱུ་མཚན་ལ་མཉམ་མེད་ཐུབ་པས་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་ཞེས་བཀའ་དེ་ཉིད་ལུང་འདྲེན་ཁུལ་བྱེད་ནའང་། དེ་ནི་ཅུང་ཟད་མ་ངེས་པ་ཙམ་སྟེ་ནང་བའི་ལྟ་གྲུབ་ལ་སྦྱངས་ནས་ཁོང་གི་རྗེས་སུ་འཇུག་པ་རྣམས་ལ་རིགས་རུས་གྲལ་རིམ་དེ་དག་གཙོ་མི་ཆེ་གསུངས་བ་ལས་གཏན་ནས་མི་དགོས་གསུང་བ་ཞིག་མ་རེད། སྐབས་འདིར་གཙོ་ཕལ་བཤད་པ་ལས་དགོས་མི་དགོས་བཤད་པ་ཞིག་མ་ཡིན་པའི་ཕྱིར་རོ།། གཙོ་ཕལ་ཕྱེ་ན་མི་དགོས་པས་མ་ཁྱབ་སྟེ་སྒྲར་ཉན་པའི་ཚེ་དབང་ལྔར་གཙོ་ཕལ་ཕྱེ་ན་ཕལ་བ་རྣམས་མི་དགོས་པས་མ་ཁྱབ་པ་ནང་བཞིན་ནོ།།དེས་ན་བོད་ཀྱི་རིགས་རུས་ཀྱི་དབྱེ་བ་རྣམས་ཉམས་ནས་རྟ་མོག་མོག་གི་སྤུ་བཞིན་སོང་བའི་རྒྱུ་རྐྱེན་གང་ཡིན་ལ་ད་དུང་མུ་མཐུད་ནས་བརྟག་པར་འཚལ་ལོ།།
        དེས་ན་རུས་བྱ་བ་ནི་མདོར་ན་ཕ་རྒྱུད་ཀྱིས་རུས་པར་གོ་བ་ཤུགས་ཆེ་སྟེ། དཔལ་ལྡན་རྒྱུད་བཞི་ལས། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་བསྐྱེད།། མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་བསྐྱེད།། གསུངས་བ་བཞིན་བོད་སྔ་རབས་པ་རྣམས་ཀྱིས་ཕའི་རུས་པ་གཙོ་བོར་བྱེད་པ་ནི་རྒྱུ་མཚན་ཅུང་ཟད་ཙམ་ཡང་མེད་པ་ཞིག་མིན་པར་ཤེས་ནུས་པའི་ཕྱིར་རོ།། དེ་ནས་ཕའི་རུས་པ་དེ་དག་ཤིན་ཏུ་མང་ན་ཕན་ཚུན་འཁྲུལ་བ་འབྱུང་བས་མིང་གདགས་དགོས་ཏེ། རུས་པར་མིང་བཏགས་པས་རུས་པའི་མིང་བྱུང་ཞིང་རུས་མིང་དེ་དག་རིམ་བཞིན་རུས་རྒྱུད་ཀྱི་མིང་ལ་ཐོགས་པ་སོགས་ཀྱི་འགྱུར་རིམ་ལ་བསམ་གཞིགས་མང་དུ་བྱེད་དགོས་པ་ཡིན། རང་རེའི་བོད་རྣམས་ཀྱི་རུས་སྔ་ཤོས་ནི་བསེ་རྨུ་ལྡོང་སྟོང་སོགས་ཡིན་པར་རུས་མཛོད་མང་པོར་བྱུང་ནའང་དེ་ལ་དཔྱད་རྒྱུ་ཤིན་ཏུ་མང་ལ་ཁྱད་པར་དུ་བྲག་སྒོ་རབ་འབྱམས་པ་དང་ཟུར་མཁར་བས་ལྷད་ཅན་དུ་སྨྲ་བའི་བཀའ་ཆེམས་ཀ་ཁོལ་མ་སོགས་ལས་རྩ་བའི་རུས་བཞི་བོ་དེ་དག་ནི་རྗེས་གྲུབ་ཀྱི་མིང་ཤ་སྟག་ཏུ་བཤད་ཡོད་ལ། དེ་ལྟར་ན་རུས་ལ་སྒྲ་བཤད་མེད་ཟེར་བའི་ཁ་ཕོ་ཅན་རྣམས་ཀྱི་ཁ་ནང་དུ་རྡོ་རྗེ་རྒྱ་གྲམ་བཞག་ཡོད།མདོར་ན་རྩ་བའི་རུས་ཆེན་བཞིའམ་དྲུག་ཏུ་བགྲངས་པ་དེ་བོད་ཀྱི་རུས་ཐོག་མ་ཡིན་མིན་ལ་ཅུང་ཟད་དཔྱད་རྒྱུ་ཡོད་ཟེར་བ་འདི་ལྟར་སྟེ། བློན་ཆེན་ཆེ་དགུ་རིང་བཅུ་བ་རྣམས་ཀྱིས་བསྒྲིགས་པར་གསལ་བའི་དབུ་ནག་མིའུ་འདྲ་ཆགས་བྱ་བར་ཕྱྭ་དམུ་གཙུག་གསུམ་སོགས་རུས་རྙིང་ཤིན་ཏུ་མང་པོ་ཞིག་བགྲངས་ཡོད་པ་དེ་དག་བསེ་རྨུ་ལྡོང་སྟོང་ལས་སྔ་བ་ཡིན་ནམ་འཕྱི་བ་ཡིན་མིན་ལ་རྣམ་པར་དཔྱད་དགོས་ཏེ། གལ་ཏེ་སྔ་བ་ཡིན་ན་རྩ་བའི་རུས་ཆེན་བཞིའམ་དྲུག་བོད་ཀྱི་རུས་ཀྱི་ཐོག་མ་ཡིན་ཚུལ་ལ་ཡང་བསྐྱར་ཞིབ་ཏུ་དཔྱད་པར་རིགས་སོ་སྙམ། ཧ་ཅང་དོགས་པ་ཟ་དགོས་པ་ཞིག་ལ་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ལས་བྱུང་བའི་རྒྱལ་བློན་གྱི་རུས་མིང་གི་གྲས་སུ་བསེ་རྨུ་ལྡོང་སྟོང་གི་སྐོར་ཉུང་ངུ་ལས་མེད་པའི་གནད་དེ་ཅི་ཡིན་ནི་གསང་བ་ཙམ་ཏེ། གཅིག་བྱས་ན་བསེ་རྨུ་ལྡོང་སྟོང་བྱུང་བ་སྔ་བས་བཙན་པོའི་དུས་སུ་འཇིག་ནས་ཐོར་རེ་ལོང་ངེ་ཙམ་དང་གཉིས་བྱས་ན་རྒྱལ་རབས་སིལ་ཆད་ཀྱི་སྐབས་སུ་ཆེད་དུ་སྒྲིག་ནས་བྱུང་བ་ཞིག་ཡིན་པར་ཆ་འཇོག་བྱ་དགོས་སོ་སྙམ། རྩ་བའི་རུས་ཆེན་བཞིའམ་དྲུག་གི་རྒྱུད་པ་དེ་བཙན་པོའི་སྐབས་སུ་ཐོར་བུའི་ཚུལ་དུ་ཡོད་པར་ཁས་ལེན་དགོས་ཏེ། ཡོད་ན་རྩ་བའི་རུས་ཆེན་བཞིའམ་དྲུག་ཅེས་གྲངས་ངེས་གཏན་དུ་ཡོད་མི་དགོས་སོ།། དེ་ནི་སོག་པོ་ཝང་གི་ལོ་རྒྱུས་རུས་མཛོད་ཟ་འོག་མ་དང་མདོ་སྨད་ཆོས་འབྱུང་། སྟོང་སྡེ་དམག་གི་རུས་མཛོད་བཅས་ཀྱི་དངོས་བསྟན་ཡིན་པའི་ཕྱིར་རོ།། རྩ་བའི་རུས་ཆེན་བཞི་འམ་དྲུག་པོ་འདི་ལ་ད་དུང་དཔྱད་པར་བྱ་བ་ཤིན་ཏུ་མང་ཡང་རེ་ཞིག་བསྡུས་ནས་བོན་གྱི་གཏོ་ཕུག་བྱ་བའི་རུས་མཛོད་དང་། ཁ་གླིང་གི་རྒྱལ་རིགས་ལྷ་བཙུན་ངག་དབང་ཕུན་ཚོགས་དང་ཕྱི་ཚང་མོང་ཁུར་བ་གཉིས་ཀྱིས་བརྩམས་པའི་མོན་ཆོས་འབྱུང་དང་གཡས་རུའི་སྟག་ཚང་གི་མཁས་པ་དཔལ་འབྱོར་བཟང་པོའི་རྒྱལ་རབས་སོགས་ལ་གཟིགས་ནས་ཞིབ་བསྡུར་བྱེད་པར་ཤིན་ཏུ་གལ་ཆེའོ།། 
        འོ་ན་བོད་ལ་དེ་ལྟ་བུའི་རིགས་རུས་ཀྱི་དབྱེ་བ་དང་གྲལ་རིམ་ཡོད་པ་གང་ཞིག་རྒྱ་དཀར་ནག་གི་མི་རྒྱུད་ནང་བཞིན་རུས་ཀྱི་གནས་ཚུལ་ཡི་གེར་ཕབ་པའི་ཡིག་ཚང་སོགས་ཡོད་དམ་སྙམ་ན། ཡོད་ཡོད་དེ་གསལ་མ་གསལ་ཅི་རིགས་ཀྱི་ངོ་བོར་གནས་པ་ཞིག་ཡིན་ཡང་ཅུང་ཟད་གྲགས་ཆེ་ལ་གལ་ཆེན་ཡང་ཡིན་པ་འགའ་ངོ་སྤྲད་ན་འདི་ལྟ་སྟེ། ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཉར་ཚགས་གནང་བའི་གྲས་སུ་༼མྱྀའྀ་རུས་པ་དགུ་ཨྱྀམ་གང་ལ་གཏོགས་པའྀ་མདོ༽བྱ་བའི་རུས་མཛོད་སྔ་ཤོས་ཚིག་སྣ་ཐུང་ངུ་ཅན་ཞིག་བཞུགས་ཡོད། དེ་ནི་ཤིན་ཏུ་དཔྱད་པར་བྱ་བའི་ཡུལ་གལ་ཆེན་ཞིག་སྟེ། ཅིའི་ཕྱིར་ཞེ་ན་དེའི་ནང་དུ་ཡོད་པའི་ཀུང་དང་ཤོ། ཀོག་དང་ཡྭུ་སོགས་རུས་མང་པོ་ཞིག་དིང་སང་བོན་པོའི་དཔེ་རྙིང་འབའ་ཞིག་དང་ཏུན་ཧོང་ཡིག་ཆ་རྣམས་ལས་མཐོང་རྒྱུ་མེད་སྟབས་ཅུང་ཟད་སྔ་བའི་རྟགས་ཐོན་པ་དང་དེ་ལས་ཀྱང་རུས་ཀྱི་གོ་དོན་བཤད་པ་ནི་དཔེར་ན་ཀུང་ཞེས་བགྱྀ་བ་ནི་སའི་སྲོག་སྟེ་ཞེས་འབྱུང་བ་ལྟ་བུ་སྔོན་མེད་པའི་གནའ་བཤད་མང་པོ་ཞིག་མཐོང་རྒྱུ་འདུག་ཀྱང་ཞིབ་པ་གུད་ནས་འབྲི་བར་བསམ་ཡོད། དེ་ནས༼སྟོང་སྡེ་དམག་གི་རུས་མཛོད༽བྱ་བའི་དཔེ་རྙིང་ཤིག་ཀྱང་མི་སྒེར་བའི་ལག་ཏུ་འཁྱམ་པ་མཐོང་མོད་ཕལ་ཆེར་དབུས་གཙང་རུ་བཞིའི་སྟོང་སྡེ་དམག་གི་རུས་རྒྱུད་མཚོན་པའི་རུས་མཛོད་ཅིག་ཡིན་ནམ་སྙམ་ཡང་གཞན་གྱི་དཔེ་མཁྱུད་བགྱིས་པས་ཞིབ་པ་ངོ་སྤྲོད་པའི་སྐལ་བ་མ་ལྡན་ལ།༼དབུ་ནག་མིའུ་འདྲ་ཆགས༽བྱ་བའི་རུས་མཛོད་ཅིག་བོད་ཀྱི་རིག་གནས་མཁས་ཅན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཉི་ཧོང་ནས་དཔར་བསྐྲུན་ཞུས་འདུག་མོད། བཅོས་བསྒྱུར་མཁན་པོའི་སྨྱུག་རྩེ་རྣམ་པར་རེག་ནས་མ་ཡིག་ངོ་མ་ཕལ་ཆེར་མེད་པར་བྱས་འདུག་ཀྱང་ད་དུང་གཞུང་དེ་ནི་དཔྱད་བྱའི་ཡུལ་ཤིན་ཏུ་གལ་ཆེ་བ་ཞིག་རེད་སྙམ། རུས་མཛོད་དེ་ནི་ཡིན་ངོ་མ་སྲོང་བཙན་དུས་ཀྱི་བློན་པོ་ཆེ་བ་དགུ་དང་རིང་བ་གཅིག་བཅས་ཆེ་དགུ་རིང་བཅུར་གྲགས་པ་རྣམས་ཀྱིས་སྒྲིག་པ་ཞིག་ཡིན་ཚུལ་༼དབུ་ནག་མིའུ་འདྲ་ཆགས་ཀྱི་ཡིག་ཆུང་ལྷ་ལས་བབས་པ༽བྱ་བར་བཤད་འདུག་ནའང་བོད་རྣམས་ཀྱིས་རང་རང་གི་སྒེར་བློ་ལྟར་མི་རབས་གོང་མ་དག་གི་གླེགས་བམ་རྩ་ཆེན་པོ་རྣམས་ལ་སྣོན་འཕྲི་འཆོས་གསུམ་དུ་མ་བྱས་ནས་མགོ་མཇུག་ཆ་ཚང་ཡིད་མི་ཆེས་པའི་གཞི་རུ་གཏོང་བ་དེ་ནི་ཧ་ཅང་བློ་ཕམ་པའི་གནས་སོ།། ཡང་རུས་མཛོད་ཅུང་ཟད་སྔ་གྲས་ཞིག་ནི་༼དབུ་ཟླུམ་དེས་ཆད་ཀྱི་མདོ༽བྱ་བ་དེ་ཡིན། དེ་ནི་ཅུང་ཟད་སྔ་བའི་རུས་མཛོད་དུ་གཏོགས་ནའང་དུས་འགྱུར་གྱི་སྐབས་སུ་མ་ཡིག་བརླག་ནས་དིང་སང་ཐོར་རེ་ལོང་ངེ་ཙམ་རེ་འདུག་ཅིང་ཡོ་སོབ་ཀྱི་དགེ་རྒན་བསོད་ནམས་ཚེ་བརྟན་ཕ་བུ་གཉིས་ཀྱིས་བྲིས་པའི༼ལ་དྭགས་རྒྱལ་རབས་འཆིི་མེད་གཏེར༽བྱ་བར་དེའི་ནང་གི་བརྗོད་བྱ་འབའ་ཞིག་ངོ་བཤུས་གནང་འདུག་པ་དེའང་ཧ་ཅང་གལ་ཆེ་བར་མཐོང་དགོས། དེ་ནས་༼གཏོ་ཕུག་འདབ་མ་བརྒྱད་པ༽བྱ་བ་དང་༼ཁྲོ་ཡིག༽བྱ་བའི་རུས་ཆེན་དང་རུས་ཕྲན་རྣམས་ཀྱི་རྣམ་བཤད་བཀོད་འདུག་པའི་བོན་པོའི་རུས་མཛོད་དཔེ་རྙིང་གཉིས་ཀྱང་ཤིན་ཏུ་གལ་ཆེ་ལ་ལོ་ངོ་སྟོང་ཕྲག་ལྔ་ཙམ་གྱི་སྔོན་དུ་ནག་ཆུའི་བྱང་རྒྱུད་སོགས་སུ་ཡོད་པའི་ལྡོང་རུས་ཆེན་བཅོ་བརྒྱད་ཀྱི་ཁུངས་དང་བརྒྱུད་སྟངས་ལ་དཔྱད་པར་ཤིན་ཏུ་མཁོ་གལ་ཆེ་བའི་ཡིག་ཆ་ཞིག་རེད་འདུག་སྙམ། དེ་ནས་དབུས་གཙང་ཡུལ་དུ་གདུང་རབས་སུ་གྲགས་པ་དོན་ལ་རུས་མཛོད་ལ་ཞེ་ས་ཞུས་པའི་དཔེ་རྙིང་བགྲང་གིས་མི་ལོང་བ་མང་པོ་ཞིག་འདུག་ཅིང་རེ་རེ་ངོ་སྤྲོད་ཞུས་ན་ཧ་ཅང་དཀའ་སྟེ། ཚབ་མཚོན་ཙམ་ལ་༼ཇོ་བོ་ལྕེའི་གདུང་རབས༽དང་༼དཔྱལ་གྱི་གདུང་རབས༽སོགས་བསྟན་པ་ཕྱི་དར་ནས་བརྒྱུད་པའི་གདུང་རབས་དཔེ་རྙིང་སུམ་ཅུ་ལྷག་ཡོད་པ་དེ་དག་ནི་བོད་དབུས་གཙང་བའི་གདུང་རུས་ལ་དཔྱད་པའི་ཡིག་ཆ་ཧ་ཅང་གལ་ཆེ་བ་འབའ་ཞིག་ཡིན་པ་དང་། གཞན་ཡང་མདོ་སྨད་ཀྱི་༼ཅོ་ནེ་རྒྱལ་པོའི་རུས་མཛོད༽དང་༼རུས་མཛོད་འཁྲི་ཤིང་མ་ཁག་ལྔ༽སོག་པོ་ཐུའུ་བཀྭན་གྱི་ཕྱག་དཔེ་ཡིན་པར་ངེས་པའི་༼སོག་པོ་ཝང་གི་ལོ་རྒྱུས་རུས་མཛོད་ཟ་འོག་རིས་མ༽དང་རྒྱ་བཟའི་དགེ་བཤེས་འཇམ་དབྱངས་ཀྱིས་མཛད་ཅིང་རེབ་གོང་བློན་ཆོས་ཀྱི་རྒན་པོ་ཞིག་གིས་རྣམ་པར་བསླད་པའི་རུས་མཛོད་གྲགས་ཆེན་༼ལྟ་བ་མཁའ་ཁྱབ་ཕྱོགས་བྲལ༽སོགས་མང་ཡང་དུས་འགྱུར་གྱི་སྐབས་སུ་མ་ཡིག་མང་པོ་གཞུང་ནས་བཞེས་སྟབས་དིང་སང་མཚོ་སྔོན་དང་ཀན་སུའུ་ཡི་ཡིག་ཚགས་ཁང་སོགས་སུ་དམ་བསྒྲགས་ཀྱི་ངོ་བོར་བཞུགས་ཡོད་པས་རྗེས་སུ་འཚོལ་རྒྱུ་གལ་ཆེ་ལ་ཤོག་ཧྲིལ་ཚལ་ཐོར་དུ་སོང་བའི་མ་དཔེ་རབ་རིབ་རེ་བཞུགས་ཡོད་པ་དག་ལ་གང་ཟག་སྒེར་བའི་འདོད་བློ་བསྲེས་པ་དང་གཅིག་དཔེ་གཅིག་གིས་བཤུས་ནས་ནོར་བ་སོགས་ཧ་ཅང་མང་བས་རྣམ་ཀུན་ཡིད་རྟོན་རུང་བ་དཀའ་སེ་བ་ཞིག་འདུག་སྙམ། 

        མདོར་ན་བོད་ཀྱི་རུས་དང་རུས་མཛོད་ཀྱི་སྐོར་ལ་དཔྱད་པར་བྱ་བའི་གནས་ཧ་ཅང་མང་པོ་ཞིག་འདུག་ནའང་གནས་སྐབས་ཞིབ་པ་འབྲི་བའི་དུས་ཚོད་མེད་པ་གཞིར་བཅས་བརྗོད་བྱ་དེའི་སྐོར་ནས་ཅུང་ཟད་གླེང་སློང་བ་ཙམ་ལས་བྱ་མ་ཐུབ་ཀྱང་འདིས་བོད་ལ་རུས་དང་རུས་མཛོད་ཀྱི་ཡིག་ཚངས་མང་པོ་ཡོད་པར་ངེས་ཤེས་ཅུང་ཟད་རེ་འདྲོང་ཐུབ་པ་ཡིན་ན་རེ་ཞིག་རྩོམ་འདིའི་འགན་འཁྲི་དེ་ཡིན་པར་བསམ་ཡོད།

(རྩོམ་འདི་བན་ཤུལ་དཔལ་མཁར་རྒྱལ་གྱི་རིག་གཞུང་འཕྲིན་སྟེགས་ལས་བཤུས། )



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1