ཞིང་ཆེན་དབུལ་སེལ་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-06


        ཟླ་དང་པོའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དབུལ་སེལ་འགག་སྒྲོལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དེ་ཁྲེན་ཏུའུ་ནས་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན། འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་དབྱིན་ལི་གྲོས་ཚོགས་ཐོག་དུ་བཞུགས།
        གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་སུ་དབུལ་སེལ་འགག་སྒྲོལ་ལས་ཀའི་ཐད་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྦོལ་ལས་ཀའི་གྲོས་ཚོགས་ཀྱི་དགོང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཡོངས་སུ་2016ལོར་དབུལ་སེལ་འགག་སྒྲོལ་གྱི་བྱ་བར་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་གདེང་འཇོག་བྱས་པའི་སྤྱིའི་གནས་ཚུལ་དང་རྒྱལ་ཡོངས་ཀྱི་དཔྱད་ཞིབ་གདེང་འཇོག་དང་ལེན་བྱེད་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་སྙན་ཞུ། སྤྱི་ལོ་2016ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་སེལ་འགག་སྒྲོལ་གྱི་ལས་ཀའི་སྤྱི་བསྡོམས་དང་ 2017ལོའི་འཆར་འགོད་སྐོར་གྱི་སྙན་ཞུ།2017ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་སེལ་འཆར་འགོད་ཀྱི་བཀོད་སྒྲིག་དང་། མ་མཐའི་འཚོ་བའི་འགན་སྲུང་། དབུལ་སྐྱོར་ལམ་ཐིག་གཉིས་གཅིག་ཏུ་སྒྲིལ་བའི་བྱ་བའི་འཆར་འགོད་ཀྱི་སྙན་ཞུ། སྤྱི་ལོ་2016ལོ་ནས་2020ལོའི་བར་གྱི་སི་ཁྲོན་ཞིང་ཆེན་གྱིས་ཡང་དག་པའི་སྒོ་ནས་ལས་ཞུགས་རོགས་སྐྱོར་བྱེད་པ་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལག་བསྟར་ལག་འཆར་འགོད་ཀྱི་གནས་ཚུལ་སྙན་ཞུ་བཅས་ལ་གསན་འཇོག་གནང་བར་མ་ཟད་གྲོས་ཞིབ་བྱས། 
        གྲོས་ཚོགས་ལས་ན་ནིང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་། དབུལ་སེལ་འགག་སྒྲོལ་བྱ་བ་དམ་འཛིན་བྱས་ཏེ་གྲུབ་འབྲས་འབུར་ཐོན་ལོན་པར་ཁས་ལེན་གང་ལེན་གང་ལེགས་གནང་། དེ་མིན་གྲོས་ཚོགས་ཐོག་ཏུ། མིག་སྔར་ཕྱོགས་གཅིག་ནས་མུ་མཐུད་དུ་སྤྱི་ལོ་2016ལོའི་དབུལ་སེལ་འགག་སྒྲོལ་བྱ་བ་བཅོས་སྒྲིག་དང་འཐུས་ཚང་། མཐོར་འདེགས་ཡོང་བ་བྱས་ནས། དུས་འགོའི་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ། ཕྱོགས་གསུམ་པའི་དཔྱད་དཔོག་བརྒྱུད་རིམ་ཁྲོད་དུ་ཤེས་གསལ་བྱུང་བའི་གནད་དོན་བཅས་ལ་ཁ་གཏད་དེ། རྩིས་ཁྲ་འདོན་པ་དང་དུས་བཀག་ལྟར་ཐག་གཅོད་བྱེད་པ། དུས་མཉམ་དུ་གྲལ་བཤེར་དང་གཅིག་ཤེས་ཀུན་གྲོལ་ཡོང་བར་ཤུགས་བསྣན་ནས། ཧུར་ཐག་གིས་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་དགོས། ཕྱོགས་གཞན་ཞིག་ནས་ནན་ཏན་གྱིས་རྒྱལ་ཁབ་ཀྱི་རྟག་དཔྱད་ཞིབ་འཇུག་དང་ལེན་བྱེད་པའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ནས། ཚད་མཐོན་པོ་དང་སྤུས་ལེགས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་རྟག་དཔྱད་ཞིབ་བཤེར་གནང་བར་འགན་ལེན་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1