འཁྲུལ་བའི་བརྩེ་དུངས།

འོ་མ་དཀར་པོ། (མཚོ་ལྷོ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


དགའ་བའི་འོད་སྣང་གསལ་ལེར་ཤར་དུས་མཐུན་པའི་མེ་ཏོག་མཛེས་སེ་གྲོལ།།

ཟུར་མིག་རྣོན་པོ་མདའ་བཞིན་རྒྱུགས་པས་དུངས་སེམས་འོ་མ་ཞོ་རུ་ཆགས།།

ཚིག་གསུམ་ཚིག་ལ་དབུ་ཁྱུད་འབྲི་བར་ཁྱེད་རང་འཐད་ལ་ང་ཡང་མོས།།

དུས་གསུམ་དུས་ལ་མི་འགལ་མི་འགྱུར་དམ་བཅའ་རྡོ་ཐོག་རི་མོར་ཕབ།།

ཡིད་དུ་འཐད་ཅིང་སྙིང་དུ་སྡུག་པའི་གཤིས་འཇམ་བུ་མོ་མིག་ཡག་མ།།

ཁྲེལ་ཡོད་བློ་གཏོད་སེམས་རྒྱུད་འཇམ་པའི་བོད་ཀྱི་བུ་མོ་ལྷད་མེད་མ།།

ཉི་ཤར་ཉི་ནུབ་ཆོས་ཉིད་ཁྲོད་ན་གྱེས་གྱེས་བྲལ་བྲལ་མང་ན་ཡང་།།

རང་དབང་རང་འཐད་རང་བློར་བབས་པས་ཀ་རྡོ་བཞིན་དུ་བརྟན་པོ་ཡིན།།

སྟོན་གྱི་པུས་མོ་ས་རུ་བཙུགས་ཤིང་གསེར་མདོག་སྙེ་མའི་མགོ་བོ་དུད།།

ལྷགས་པ་བཙན་པོ་འུར་གྱིས་ཐོན་དེ་དཀར་དམར་མེ་ཏོག་ཤུགས་ཀྱིས་ཁུར།།

རྩྭ་སྐྱ་འཇག་མས་ཤུགས་གླུ་ལེན་ཞོར་རྒྱང་རིང་ཡུལ་ལ་འགྲོ་བར་བྲེལ།།

སྙིང་ཉེ་དྲན་པའི་སེམས་པ་དེ་ཡང་དུས་ཚིགས་འདི་དང་འགྲོགས་ནས་ཡོང་།།

མི་ཁ་ཕྱི་རིམ་ནང་རིམ་བཅོ་བརྒྱད་ང་དང་ཁོ་མོའི་བར་དུ་ཐོན།།

བརྡ་ལོག་ཚིག་ལ་གོ་ལོག་བྱུང་པས་ན་ནིང་ཁོ་མོས་ང་རང་བསྐྱུར།།

སྙིང་ཉེ་ཟེར་བ་འབོད་སྟངས་ཙམ་རེད་གློ་སྙིང་གཅོད་པའི་རལ་གྲི་རེད།།

བརྩེ་དུངས་ཟེར་བ་འདི་འདྲ་ཡིན་ནམ་ཡང་ན་ང་ཡི་ལས་དབང་ཡིན།།

ཡིད་ཀྱི་བུ་མོ་སེམས་ལ་མཛེས་པ་དཀར་དམར་མེ་ཏོག་འདྲ་ལེ་ཡོད།།

ནམ་ཟླ་འགྱུར་སོང་ཁོ་མོ་འགྱུར་སོང་ན་ཟུག་རུམ་གང་བཞག་ནས་སོང་།།

བརྩེ་འདང་དམ་བཅའ་སྙིང་ལ་བཞག་ཀྱང་ཁོ་མོས་དུམ་སེ་བཅད་ནས་སོང་།།

མི་རྐྱང་འཚོ་བ་ཆུ་རྐྱང་ཕོར་བཀང་བསྡད་ཀྱིན་བསྡད་ཀྱིན་ཇེ་འཁྱག་རེད།།

བརྩེ་དུངས་ཟེར་བ་བསྐྱར་ཟློས་མེད་ལ་མགོ་གཡོག་མགོ་བསྐོར་མི་མཁོ་བས།།

ད་ནི་སྔོན་གྱི་བྱུང་པ་དག་ལ་ཕྱི་དྲན་མི་བྱ་སེམས་ཐག་ཡིན།།

རང་རང་སོ་སོའི་ལམ་ཁ་དེ་ནས་རང་སེམས་ལུ་གུ་སྙིང་རྗེ་བོར།།

རང་དང་མཐུན་པའི་སྤང་ཐང་ཞིག་ཏུ་སྐྱིད་པའི་དཔལ་ལ་རོལ་དགོས་ལགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1