ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-10


        སྤྱི་ཟླ་དང་པོའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་བ་དང་ཀྲང་ཀའོ་ལི་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།

        སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་མཉམ་དུ་མགོ་བརྩམས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར་2016ལོའི་རྒྱལ་ཁབ་ཀྱི་ཆེའི་མཐོ་བའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོ་ཚན་རིག་གླིང་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཧྲི་ཀྲའོ་ཀྲུང་ཞན་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཞིབ་འཇུག་པ་ཐུའོ་ཡུའུ་ཡུའུ་གཉིས་ལ་བྱ་དགའི་དཔང་ཡིག་གནང་བར་མ་ཟད་ལག་འཇུ་གནང་གནང་ནས་རྟེན་འབྲེལ་ཞུས།  དེར་མཐུད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་བྱ་དགའ་གནང་། 

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བླ་མེད་གུས་འདུད་ཞུས་པ་དང་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་ཚན་རྩལ་ལས་དོན་ཁྲོད་དུ་ཞུགས་པ་དང་རྒྱབ་སྐྱོར་གནང་བའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། 
        ཚོགས་ཆེན་སྟེང་ལི་ཁེ་ཆང་གིས་འདས་པའི་ལོ་གཅིག་གི་ནང་དུ་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཅིང་ཚན་རྩལ་འཐབ་ཕྱོགས་ནས་དོན་ཆེན་དང་དོན་བཟང་གང་མང་བྱུང་བ་དང་། མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚན་རྩལ་གྲུབ་འབྲས་ཆེན་པོ་སྐོར་ཞིག་བྱུང་ཞིང་ཚན་རྩལ་གསར་སྐྲུན་གྲུབ་འབྲས་མྱུར་དུ་ལེགས་སྒྱུར་བྱས་པ་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐད་ནས་མཐོ་རླབས་གསར་བ་འཕྱུར་ནས་ཀྲུང་ཧྭའི་ས་གཞི་ཀུན་ཏུ་གསར་སྐྲུན་གྱི་རྣམ་པ་བཟང་བོ་བྱུང་། དེང་སྐབས། འཛམ་གླིང་ཡོངས་ཀྱི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ལ་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བཟང་བོ་བྱེད་པ་དང་སྒུལ་ནུས་གསར་རྙིང་རྒྱུན་མཐུད་སྒོས་སྤོ་སྒྱུར་བྱེད་པའི་དུས་སྐབས་གསར་བར་སླེབས་བཞིན་ཡོད་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གསར་སྐྲུན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་བཟུང་སྟེ་གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། མགྱོགས་མྱུར་སྒོས་སྒུལ་ནུས་གསར་པ་གསོ་སྐྱོང་དང་སྲོལ་རྒྱུན་སྒུལ་ནུས་སྒྱུར་བཀོད་བྱས་ནས། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
ན་གཞོན་དང་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1