《ཨ་མདོའི་ཁ་སྐད་སློབ་དེབ་ཀྱི་བོད་རྒྱ་གསུང་འབྱོན་འཕྲུལ་སྨྱུག》དངོས་སུ་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-13


        ཉེ་ཆར། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་གསར་འདོན་བྱས་པའི་《ཨ་མདོའི་ཁ་སྐད་སློབ་དེབ་ཀྱི་བོད་རྒྱ་གསུང་འབྱོན་འཕྲུལ་སྨྱུག》སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ལེགས་འགྲུབ་བྱུང་སྟེ་ཚོང་རར་འགྲེམས།
        རྒྱུས་ལོན་བྱུང་བ་ལྟར་ན།《ཨ་མདོའི་ཁ་སྐད་སློབ་དེབ་ཀྱི་བོད་རྒྱ་གསུང་འབྱོན་འཕྲུལ་སྨྱུག》ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་ལོ་ངོ་གཅིག་ལྷག་གི་རིང་ལ་གྲ་སྒྲིག་དང་སྒྲ་ཕབ་བྱས་ནས་ལེགས་པར་འགྲུབ་པའི་སྨྱུག་འདོན་བསླབ་དེབ་ཅིག་ཡིན་ལ། སྔོན་ཆད་ཁོང་ཅག་གིས་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས། དགེ་རྒན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་བཅས་ཀྱི་སྐུལ་མ་དང་མཐུན་རྐྱེན་འོག་《བོད་རྒྱ་དབྱིན་གསུམ་རྒྱུན་བཀོལ་ཐ་སྙད་སྒྲ་གཟུགས་ཡི་གེ་སྦྲགས་མའི་མདོ་དབུས་ཁམས་གསུམ་གསུང་འབྱོན་འཕྲུལ་སྨྱུག》པར་སྐྲུན་བྱས་པས་བོད་ཀྱི་ཡུལ་གྲུ་སོ་སོ་དང་ཡོན་ཚད་རབ་འབྲིང་ཀུན་གྱི་བསྟོད་བསྔགས་དང་ཁས་ལེན་ཐོབ། དེ་ནི་བོད་སྐད་དག་མའི་རྒྱུན་བཀོལ་མིང་བརྡའི་ཚད་གཞི་ཉག་གཅིག་ཏུ་གྱུར། 
 

        དེ་བས་ཁོང་ཅག་གིས་མུ་མཐུད་དུ་རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས་ཞེས་པའི་ཚུལ་དུ་《ཨ་མདོའི་ཁ་སྐད་སློབ་དེབ་ཀྱི་བོད་རྒྱ་གསུང་འབྱོན་འཕྲུལ་སྨྱུག》གསར་འདོན་བྱས་ཤིང་། ཡིག་རྨོངས་སེལ་བའི་ཐོག་མའི་ཀུན་སློང་དང་མ་བྲལ་བར། དེབ་དེར་ཐོག་མའི་ཀ་ཁའི་སྦྱོར་ཀློག་ནས་བརྩམས་ཏེ། ཐ་སྙད་སྦྱོར་ཀློག་དང་ཚིག་གྲུབ་སྦྱོར་ཀློག་རིགས་གཉིས་སུ་བགར་བ་དང་། བོད་རྒྱ་སྐད་གཉིས་གང་ལ་འཇུག་ཀྱང་སྨྱུ་གུས་ཐུག་པ་ཙམ་གྱི་སྐད་འབྱོན་ཐུབ་ལ། འཚོ་བའི་ཁྲོད་ཀྱི་རྒྱུན་བཀོལ་མིང་བརྡ་དང་ཁ་བརྡ་སོགས་གང་མང་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་བཀོད་ཡོད་པས། ཐེངས་འདིའི་འགྲེམ་སྤེལ་མཛད་སྒོའི་ཁྲོད་ལག་ལེན་པ་གང་མང་ཞིག་གིསགདེང་འཇོག་ཚད་མཐོན་པོ་གནང་བ་སྟེ། ཉན་ན་གོ་སླ་ཞིང་བཀོལ་ན་སྟབས་བདེ་བ། ཁྱེར་ན་འཛིན་བདེ་བ། སྤྱོད་སྒོ་ཆེ་ཞིང་ཕན་ནུས་ལྡན་པའི་བསླབ་དེབ་ཅིག་རེད་ཅེས་བསྟོད་བསྔགས་གནང་འདུག

མངགས་ཉོ་ཁ་པར་ཨང་གྲངས། 18048003999
དྲ་བའི་ཉོ་སྒྲུབ་འཇུག་སྒོ
རྟེན་འབྲེལ་དྲ་བ།
ཐའོ་པོ་(淘宝)དྲ་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1