དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་བོད་རིགས་མང་ཚོགས་ཚོས་དགའ་སྤྲོའི་ངང་ནས་བོད་མེ་སྤྲེལ་ལོའི་ལོ་གསར་རོལ་བ།

ཐུབ་བསྟན་དང་། ཚེ་བརྟན། ཡོན་ནཱ་བཅས་ཀྱིས་ཟིན་བྲིས་བྱས། ཐུབ་བསྟན་དང་དབང་པོ། ལིའོ་ཞུས་ཅེས་བཅས་ཀྱིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 01-13


 

 བོད་ཀྱི་ལྷ་མོ་འཁྲབ་པ།

        དཔྱིད་གསར་དུས་ཆེན་དང་བོད་མེ་སྤྲེལ་ལོའི་ལོ་གསར་སྐབས་སུ་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་བོད་རིགས་མང་ཚོགས་ཚོས་དགའ་སྤྲོའི་ངང་ནས་བོད་མེ་སྤྲེལ་ལོའི་ལོ་གསར་རོལ་བ། ལོ་གསར་སྐབས་སུ། ཁུལ་གཉིས་ཀྱི་ས་གནས་ཁག་གིས་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་་ཕུན་སུམ་ཇེ་ཚོགས་སུ་བཏང་། ས་གནས་ཁག་ཏུ་མང་ཚོགས་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་བཏང་བ་རེད།

        ལོ་གསར་སྐབས་སུ་འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་དང་རྫོང་ཨུའི་དྲིལ་བསྒྲགས་པུའུ། བྱ་ཁྱུང་གྲོང་རྡལ། རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྫོང་སྤྱི་བདེ་ལས་ཁུངས། བརྙན་འཕྲིན་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་ནས་བོད་ཀྱི་ཟློས་གར་དང་འབའ་གཞས། སྐོར་བྲོ་སོགས་འཁྲབ་སྟོན་བྱས། གཞན་ཡང་སྐབས་བརྒྱད་པའི་འབའ་ཐང་སྐྱེས་པའི་སྤོ་ལོ་འགྲན་སྡུར་དང་། རྟ་རྒྱུག་འགྲན་སྡུར་སོགས་བྱེད་སྒོ་སྣ་མང་སྤེལ་ནས་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་ལ་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་རོལ་དུ་བཅུག་པར་མ་ཟད། དགའ་སྐྱིད་འཛོམས་པའི་ལོ་སར་གྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་པ་རེད།

 འབད་འཆམ་པ།

        ལོ་སར་གྱི་ཚེས3ཉིན། འབའ་ཐང་རྫོང་དམངས་ཁྲོད་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས་པ་དང་། འབའ་ཆུ་ཤུལ་སྐོར་བྲོ་རུ་ཁག་གིས་སྐོར་བྲོ་འཁྲབ། ཆུ་སྐོར་ཤུལ་དང་སྐྱ་ཟམ་ཁ་གྲོང་སྡེའི་འབའ་གཞས་རུ་ཁག་སོགས་རུ་ཁག་དྲུག་གིས་འབའ་གཞས་འཁྲབ་སྟོན་བྱས་པ་རེད། ལོ་སར་གྱི་ཚེས་4ཉིན་ནས་11 ཉིན་བར་འབའ་ཐང་སློབ་གསོ་རུ་ཁག་དང་ཁོར་ཡུག་ནགས་ལས་རུ་ཁག སྤྱི་བདེ་རུ་ཁག་སོགས་སྐྱེས་པའི་སྤོ་ལོ་རུ་ཁག8ཀྱིས་སྤོ་ལོ་འགྲན་སྡུར་བྱས་པ་དང་། ལོ་སར་ཚེས་4དང་ཚེས5ཉིན་སྐྱ་ཟམ་ཁ་དང་ཚ་ཤོད་གྲོང་སྡེ་གཉིས་ཀྱིས་རྟ་རྒྱུག་འགྲན་སྡུར་སྤེལ་བ་རེད།

 ཁམས་པའི་བརྙན་འཕྲིན་ཁང་གིས་བོད་མེ་སྤྲུལ་ལོའི་ལོ་གསར་གྱི་དགོང་ཚོགས་འཚོགས་པ།

        ལོ་གསར་སྐབས་སུ། རྔ་བ་ཁུལ་གྱི་ས་གནས་ཁག་ཏུ་ལོ་གསར་གྱི་ཡོ་ལང་གིས་ཁེངས་ཤིང་། ག་ས་གར་དགའ་སྤྲོའི་རྣམ་པ་ཤར་ཡོད། མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་བརྩེ་དུང་དང་ཕན་ཚུན་རོགས་རེས་བྱེད་པའི་འཆམ་མཐུན་གྱི་རྣམ་པ་མངོན་ཡོང་། དཔྱིད་གསར་དུས་ཆེན་དང་བོད་མེ་སྤྲེལ་ལོའི་ལོ་གསར་སྐབས་སུ་ཁུལ་ཡོངས་ཀྱི་རིག་གནས་སྡེ་ཚན་གྱིས་རྣམ་པ་མང་བ་དང་། བྱེད་སྒོ་མང་བའི་རིག་རྩལ་བྱ་འགུལ་སྤེལ་ནས་དུས་ཆེན་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད། རིག་རྩལ་འཁྲབ་སྟོན་སྡེ་ཚན་གྱིས་དུས་ཆེན་སྐབས་སུ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ངོ་མཚར་བའི་རིག་རྩལ་ལྟད་མོ་མང་པོ་གཞི་རིམ་མང་ཚོགས་ཀྱི་མིག་ལམ་དུ་སྐྱེལ་བ་མ་ཟད། བོད་རིགས་ས་ཁུལ་གྱི་མང་ཚོགས་རང་ཉིད་ཀྱིས་རྩ་འཛུགས་བྱས་ནས་སྐོར་བྲོ་དང་གཞས་ལ་སོགས་པའི་རིག་རྩལ་བྱ་འགུལ་སྤེལ་ནས་དུས་ཆེན་གྱི་ཡོ་ལང་སྒོ་ཀུན་ནས་ཇེ་རྒྱས་སུ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1