༄༅།། ཆུ་སྲམ།

རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-13


        ཆུ་སྲམ་གྱི་གཟུགས་པོའི་རིང་ཚད་ལ་ལི་སྨི་60ནས་ལི་སྨི་80ཡོད་ཅིང་ལྗིད་ཚད་ལ་སྤྱི་རྒྱ་5ཡས་མས་ཡོད། མགོ་བོའི་ཞེང་ཆེ་ཞིང་ཅུང་ལེབ་ལེབ་ཡིན། མཆུ་ཏོ་ཐུང་ཞིང་མ་མགལ་དཀྱིལ་དུ་ཅུང་ཐུང་ཞིང་སྲ་བའི་ཁ་སྤུ་ཁ་ཤས་ཡོད། མིག་འབྲས་འབུར་ནས་ཡོད་ཅིང་རྣ་ཅོག་གཉིས་པོ་ཆུང་ཞིང་སྒོར། སྣ་ཁུང་དང་རྣ་ཁུང་ནང་ཆུ་འགོག་བྱེད་ཀྱི་སྐྱི་ཐེབས་ལྟ་བུ་རེ་ཡོད། རྔ་མ་ཕྲ་ཞིང་རིང་བ་དང་རྔ་རྩ་ནས་རིམ་གྱིས་ཇེ་ཕྲར་གྱུར་ཡོད། སུག་བཞི་ཐུང་བ་དང་སྤུ་རིང་ལ་མཐུག་པོ་ཡིན་ཞིང་མདོག་ལ་ནག་སྐྱ་དང་ཁམ་སྐྱ་ཐོག་ཏུ་འོད་འཁྱུག་འཁྱུག་བྱེད་པ་ཅན་ཞིག་ཡིན། ཁུ་ལུ་མཐུག་ཅིང་འཇམ་མཉེན་དང་ལྡན་ཞིང་རྒྱབ་གཞུང་གི་མདོག་ཁམ་མདོག་དང་བྲང་གཞུང་ཁམ་སྐྱ། མ་མགལ་དང་སྐེ་འོག་དཀར་པོ་བཅས་ཡིན་པ་དང་། སྤུ་མདོག་ནི་དུས་ཚིགས་དང་བསྟུན་ནས་འགྱུར་བ་ཡོད། 
        ཆུ་སྲམ་ནི་ཁེར་རྐྱང་དུ་སྡོད་པས་ཁྱུ་མི་སྒྲིག་ལ་གཙོ་བོ་ཆུ་ནང་ནས་འཚོ་བ་ཡིན། མཚེའུ་དང་བཞུར་རྒྱུན། ན་ཁུགས་སོགས་ཚྭ་མེད་ཆུ་བོའི་ཁུལ་ནི་དེའི་གནས་འཆའ་ས་ཡིན། ཆུ་སྲམ་ནི་རང་བྱུང་གི་བྲག་ཁུང་དུ་སྡོད་པར་དགའ་བ་དང་ཆུ་ངོགས་ཀྱི་བྲག་རྡོའི་སྲུབས་སམ་ཆུ་འགྲམ་གྱི་ཤིང་ཕྲན་གྱི་གསེང་དུ་ཡོད། ཆུ་སྲམ་ནི་འཛམ་གླིང་གི་ཡོ་རོབ་དང་ཡ་གླིང་། ཧྥེ་གླིང་བཅས་སུ་འཚོ་སྡོད་བྱས་ཡོད་ཅིང་རྒྱལ་ནང་གི་ས་ཁུལ་མང་ཤོས་ཤིག་ཏུ་ཡོད་པ་ཡིན། ཆུ་སྲམ་གྱི་འགུལ་སྐྱོད་ཁྱབ་ཁོངས་ལ་ངེས་གཏན་གྱི་རང་བཞིན་ལྡན་པ་དང་སྐམ་སའི་ནགས་ཁྲོད་སོགས་སུ་ངལ་གསོ་བ་མཐོང་ཐུབ་པ་ཡིན། སྐམ་ས་ནས་ཆུ་སྲམ་ལ་དེ་འདྲའི་ནུས་ཤུགས་མེད་མོད། འོན་ཀྱང་ཆུ་ནང་དུ་ཆུ་སྲམ་གྱི་ནུས་ཤུགས་མི་ལས་ཆེ། ཉིན་དཀར་ངལ་གསོས་ནས་དགོང་མོ་ཁ་ཟས་འཚོལ་བའི་རིགས་ཡིན་པ་དང་ཁ་ཟས་གཙོ་བོར་ཉའི་རིགས་དང་བྱི་བའི་རིགས། སྦལ་བའི་རིགས། ཆུ་བྱ་ལ་སོགས་ཟ་བ་ཡིན་ལ་རྐྱལ་ལ་མཁས་ཤིང་ཆུའི་གཏིང་རུམ་དུ་འཛུལ་ནུས། ཆུ་སྲམ་གྱིས་ཉ་བཟུང་ན་ཤིན་ཏུ་མགྱོགས་ལ་མིག་ཤེས་དང་རྣ་ཤེས་ཤིན་ཏུ་སྐྱེན་པོ་ཡོད། 
        ཆུ་སྲམ་ཉེན་ཁར་ཐུག་ཚེ་ཆུའི་གཏིང་དུ་འཛུལ་བ་དང་སྐར་མ་ལྔ་ནས་བཅོ་ལྔ་ཙམ་ལ་ཆུའི་གཏིང་ནས་འདུག་ཐུབ། ཆུ་སྲམ་ནི་ཟླ་བ་དང་པོའི་ནང་ཚང་ལ་འགྲོ་བ་དང་ཟླ་བ་བཞི་བ་ལྔ་བར་ཕྲུ་གུ་བཙའ་བ་ཡིན་པས་མངལ་སྦྲུམ་ཡུན་ནི་ཟླ་བ་བཞི་ཙམ་ཡིན། བཙའ་ཐེངས་གཅིག་ལ་ཕྲུ་གུ་གསུམ་དང་བཞི་བཙའ་བ་དང་ལོ་གཉིས་ཙམ་འགོར་ན་ཕ་མ་དང་བྲལ་ནས་རང་མགོ་འཁྱོངས་པ་ཡིན། 
        མིག་སྔར་ཁ་གྲངས་འདི་ཙམ་ཡོད་པའི་གསལ་ཁ་ཕྱེ་མི་ནུས་མོད། ཚོང་རྭའི་སྲམ་ལྤགས་ཀྱི་བཙོང་ཚད་ལ་གཞིགས་ན་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་འདུག་པ་དང་། སྲམ་ལྤགས་ནི་པགས་རིགས་རྩ་ཆེན་ཞིག་ཡིན་པ་དང་ང་ཚོ་བོད་པ་རྣམས་ཀྱང་སྔོན་ཆད་སྲམ་པགས་གོས་འདབས་སུ་འདིང་བར་དགའ་པོ་ཡོད། ད་དུང་སྲམ་གྱི་མཁྲིས་པ་དང་སྲམ་གྱི་རུས་པ་སྨན་སྣ་གལ་ཆེན་དུ་འགྲོ་བས་མི་རྣམས་ཀྱིས་འཛེམ་བག་མེད་པར་བསད་པ་རེད། ད་ལྟ་ཆུ་སྲམ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས་པས་ཆུ་སྲམ་གསོད་པར་བཀག་འགོག་བྱ་དགོས། །
        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1