ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གཉིས་ཀྱི་སྨན་པས་ཐུམ་འབུའི་ནད་ཚབས་ཆེན་ཕོག་མཁན་ལ་སྨན་བཅོས་བྱས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 01-17


        ཁུལ་སྨན་ཁང་གི་སྨན་བཅོས་ཁུལ་གཉིས་པར་ཕ་ཡུལ་གསེར་ཐར་ནས་ཡིན་པའི་ཕོ་གསར་རྡོ་བསོད་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་སྨན་པ་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ཁུལ་སྨན་ཁང་གི་སྨན་བཅོས་མི་སྣས་ངའི་ཁྱོ་མོ་ཉེན་ཁ་ལས་སྐྱོབ་སོང་། མོ་ད་ལོར་ལོ་ན31ལས་སོན་མེད་པས་ཆག་སྒོ་དང་བྱུར་རྐྱེན་གྱི་གནས་ཚུལ་གཏན་ནས་བྱུང་རུང་བ་མ་རེད། རྒྱུ་མཚན་ནི་ངེད་གཉིས་ལ་ད་དུང་ཕྲུ་གུ་གསུམ་ཡོད་ཅིང་། ད་སྐབས་ཕྲུ་གུ་གསུམ་པོ་ལོ་ན་ཆུང་བས་ཁོ་ཚོའི་འཚོ་བ་དང་ནར་སོན་གྱི་བརྒྱུད་རིམ་སོགས་གང་ཅིའི་ཐད་ངེད་གཉིས་དང་བྲལ་ཐབས་མེད་པ་རེད། བཀའ་དྲིན་ཤིན་ཏུ་ཆེ་ཞེས་བཤད་པ་རེད། 
        ན་ལོའི་ཟླ་བ10པར། ཁུལ་སྨན་ཁང་གི་མཆིན་འབུའི་ནད་ཀྱི་སྨན་བཅོས་ཞིབ་བཤེར་ཚོ་ཆུང་རྡོ་བསོད་ཚང་གི་ཁྱིམ་དུ་སོང་ནས་ཁོའི་ཁྱོ་མོ་འཇམ་རྡོ་མར་སྨན་བཅོས་དཀའ་བའི་མཆིན་འབུའི་ནད་ཕོག་ཡོད་པ་གཏན་འཁེལ་བྱས་ཡོད་ཅིང་། ནད་ན་ཡུན་རིང་བས་མགྱོགས་མྱུར་དུ་གཤགས་བཅོས་མ་བྱས་ན་ལོ་ཕྱེད་ཙམ་གྱི་དུས་ཡུན་ལས་གསོན་ཐབས་བྲལ་བ་རེད།
        ན་ལོའི་ཟླ་བ12པའི་ཚེས7ཉིན། ཁུལ་སྨན་ཁང་གི་མཆིན་མཁྲིས་ཚན་ཁག་གཉིས་པའི་ཀྲུའུ་རེན་ཝེ་ཀེང་ཧྥུ་དང་ཧྭ་ཞི་སྨན་ཁང་གི་མཆིན་པའི་ཕྱི་ནད་ཚན་ཁག་དང་མཆིན་བརྗེ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེན་མོ་ཝང་ཝུན་ཐའོ་གཉིས་ཀྱིས་རྒྱང་བསྟེན་བརྙན་ལམ་དུ་མཉམ་བསྡུས་ནད་དཔྱད་བྱས་རྗེས་མཆིན་པ་བརྗེ་བའི་སྨན་བཅོས་བྱས་ནས་འཇམ་རྡོ་མའི་ཚེ་སྲོག་བསྐྱབ་རྒྱུའི་གྲོས་ཐག་བཅད་པ་རེད། བཟའ་མི་གཉིས་པོས་ཁུལ་སྨན་ཁང་གིས་འཇམ་རྡོ་མར་གཤགས་བཅོས་བྱ་ཆོག་པས་མ་ཚད་ཁུལ་སྨན་ཁང་གིས་ཡིད་མཐུན་རོགས་དངུལ་བཙལ་རོགས་བྱས་ཡོད་པའི་གནས་ཚུལ་དེ་ཤེས་རྗེས་ཧ་ཅང་དགའ་པོ་བྱུང་ཡོད་ཅིང་།  ལོ་ཧྲིལ་པོའི་ཡོང་འབབ་སྒོར2000ལས་མེད་པའི་ཁྱིམ་ཚང་དེར་མཚོན་ན་གཏམ་བཟང་ཞིག་ཡིན་པར་སྨོས་ཅི་དགོས། ཟླ་བ12པའི་ཚེས8ཉིན། འཇམ་རྡོ་མ་ཁུལ་སྨན་ཁང་གི་མཆིན་མཁྲིས་ནད་ཀྱི་ཚན་ཁག་གཉིས་པར་བསྡད་ནས་གཤགས་བཅོས་བྱ་རྒྱུར་སྒུག་པ་རེད།
        ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་ཐོག  ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་སྨན་པ20ལྷག་གིས་སེམས་ཤུགས་གཅིག་བསྒྲིལ་གྱིས་ཕྲུ་གུ་གསུམ་གྱི་ཨ་མ་འཇམ་རྡོ་མར་གཤགས་བཅོས་བྱས་པ་རེད།  ཆུ་ཚོད10ལྷག་ཙམ་སོང་རྗེས་འཇམ་རྡོ་མར་གཤགས་བཅོས་ཚར་ཏེ་ཁོ་མོICUནད་ལྕི་ལྟ་སྐྱོང་ཁང་དུ་བཞག་པ་རེད། གཤགས་བཅོས་ལེགས་འགྲུབ་བྱུང་ཡོད་པས་མ་ཚད་སྔོན་དཔག་དུས་ཚོད་ལས་ཆུ་ཚོད5ཙམ་མགྱོགས་ཡོད་ཅིང་། ཁོ་མོའི་ཚེ་སྲོག་བདེ་ཐང་ལ་དམིགས་ཏེ་གཤགས་བཅོས་ཁྲོད་ཁྲག་ཧའོ་ཧྲེང900བརྒྱབ་ཡོད་པ་རེད།
        རྡོ་བསོད་ཀྱི་ཧྭ་ཞི་སྨན་ཁང་གི་དགེ་རྒན་ཆེན་མོ་བ་ཝང་ཝུན་བཅས་པ་གནམ་གྲུ་ལས་བབས་ནས་མྱུར་འཕྲལ་གཤགས་བཅོས་ཁང་དུ་འཛུལ་བར་མཐོང་བས་མ་ཚད། སྨན་བཅོས་མི་སྣ་ལས་དགེ་རྒན་ཆེན་མོ་བ་ཚོར་དབྱང་དབུགས་མི་འདང་བས་ལུས་པོ་མི་བདེ་བའི་གནས་ཚུལ་བྱུང་ན་ཡང་། སྨན་པ་དེ་དག་གིས་དཀའ་ངལ་ལ་མ་འཛེམ་པར་བསྟུད་མར་ཆུ་ཚོད10ཡི་རིང་ལ་གཤགས་བཅོས་ཀྱི་ལས་ལ་བྲེལ་བའི་གནས་ཚུལ་ཤེས་པ་རེད། ད་དུང་གཤགས་བཅོས་སྔོན་དུ་སྨན་བཅོས་མི་སྣས་ཁོ་ཚོར་དངུལ་དང་ཅ་ལག་བྱིན་པས་མ་ཚད་འཇམ་རྡོ་མར་སྐྲ་སླ་རོགས་དང་ཚ་ཆུར་ཞུགས་སར་ཁྲིད་ཡོད་པས་རྡོ་བསོད་ཀྱིས་སེམས་འགུལ་ཐེབས་པའི་སྒོས་ཡང་ནས་ཡང་དུ་བཀའ་དྲིན་ཆེ་ཞུས།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཤགས་བཅོས་ཀྱི་དཀའ་གནད་ཆེ་ཤོས་ནི་ཐུམ་འབུས་མི་ལུས་ཀྱི་ཆེས་ཆེ་བའི་འཕར་རྩ་གཡོགས་པས་གལ་སྲིད་ལྷོད་གཡེང་ཕྲན་ཙམ་ཤོར་ན་ཚོད་འཛིན་མི་ཐུབ་པའི་ཁྲག་མང་པོ་ཤོར་བའི་གནས་ཚུལ་བུད་སྲིད་པས་ནད་པའི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ་བ་རེད།  གཤགས་བཅོས་འདི་རིགས་ནི་འཛམ་གླིང་ཐོག་ཐེངས60ཙམ་ལས་བརྒལ་མེད་པས་དཀའ་ཚད་ཧ་ཅང་ཆེ་བ་རེད། འདི་ལྟ་བུའི་གཤགས་བཅོས་ནི་རང་ཁུལ་ལ་མཚོན་ན་ཐེངས་དང་པོ་ཡིན་པ་རེད།
མིག་སྔར། འཇམ་རྡོ་མའི་ལུས་པོ་དྲག་སྐྱེད་བཟང་ཞིང་མི་རིང་བརICUནད་ལྕི་ལྟ་སྐྱོང་ཁང་ནས་སྤྱིར་བཏང་གི་ནད་སྡོད་ཁང་དུ་སྤོ་ཆོག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1