སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-17


ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུས་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།


ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ།

སྤྱི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བ་ཁྲེན་ཏུའུ་རུ་འཚོགས།
        བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱི་བཏང་མ་མ་ཡིན་པའི་ལོ་གཅིག་བརྒྱུད་ཅིང་། འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཐག་གཅོད་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་བསྐྲུན་བྱེད་པར་རྒྱང་སྐྱོད་གསར་པ་ཞིག་ཏུ་ཞུགས་པ་རེད། སྤྱི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ཁྲེན་ཏུའུ་ཡི་ཅིན་ཅང་ཚོམས་ཁང་ཆེན་མོར་འཚོགས།
        ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་888ཡོད་པ་དང་དེ་ལས་འཐུས་མི་824ཚོགས་ཆེན་ལ་ཞུགས་ཡོད་པས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
        ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུས་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་བྱས།  ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུས་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཧྥན་རུའུ་ཕིང་དང་ཁྲེན་ཀོང་ཀྲི། ཀྲང་ཏུང་ཧྲིན། ཧོང་གཡན་རོང་། ཙུན་ཧྲིན་ཆོན། ལི་ཞང་ཀྲི། ལིའུ་ཙོའོ་མིང་། ཅོ་ཝེ་ཞ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
         ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་དམག་སྤྱི་ཀྲན་ཧིག་ཧྲུན་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་པར་བཞུགས།
        སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཝང་ཏུང་མིང་གིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཚོགས་མི་རྣམས་ཡར་བླངས་ཏེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
        དབྱི་ལི་ཡིས་ཕུལ་བའི་སྙན་ཞུ་ལ་གཙོ་བོ་ནང་དོན་བཞི་འདུས་ཏེ། 2016ལོའི་ལས་ཀའི་ཕྱིར་རྟོག་དང་2017ལོའི་དམིགས་འབེན་དང་ལས་འགན་གཙོ་བོ། 2017ལོའི་གཙོ་གནད་ཀ། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་བཅས་སོ།།
        དབྱི་ལི་ཡིས་སྙན་ཞུ་ལས། འདས་པའི་ལོ་གཅིག་གི་ནང་དུ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་གདོང་གཏད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་བརྟན་བརླིང་གི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ལག་གདང་གཅིག་སྦྲེལ་གདང་འབད་བརྩོན་ལྷོད་མེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་བླངས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་གཏན་འཁེལ་བྱས་པའི་དམིགས་འབེན་དང་འོས་འགན་ལེགས་པར་གྲུབ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་ལེགས་པོར་ཚུགས་པ་མངོན་འགྱུར་བྱུང་། 2016ལོར་ཞིང་ཆེན་ཡོངས་ཀྱི་ཚོད་དཔག་བྱས་པའི་ས་ཁུལ་གྱི་ཐོན་སྐྱེད་སྤྱི་གྲངས་སྒོར་དུང་ཕྱུར་ཁྲི་3.2མངོན་འགྱུར་བྱུང་ཞིང་7.5%ལ་འཕར་ཞིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་དངུལ་གཏོང་12.1%ལ་འཕར་བ་དང་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་11.7%ལ་འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་ཚོད་དཔག་ཡོང་འབབ་8.3%ལ་འཕར་བས་དཔལ་འབྱོར་དམིགས་ཚད་སྔོན་གྱི་ཚོད་དཔག་ལས་བཟང་བ་རེད་ཅེས་བསྟན།
        སྙན་ཞུ་ལས་ལོ་གཅིག་གི་སྲིད་གཞུང་གིས་བསྒྲུབས་པའི་ལས་ཀར་ཕྱིར་རྟོག་དང་སྤྱི་བསྡོམས་བྱས། བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་སྟེ།  དཔལ་འབྱོར་འཕེལ་རྒྱས་སྤྱི་ཆ་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་སྟེ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་རྒྱས་སུ་བཏང་བ་རྒྱུན་མཐུད་བྱས། སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་བཏང་བ་སྟེ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་། གྲོང་རྡལ་དང་གྲོང་གསེབ་གཅིག་སྡུད་ངང་འཕེལ་རྒྱས་སུ་ཕྱིན་པ་རྒྱུན་འཁྱོངས་བྱས་པ་སྟེ། ས་ཁུལ་གྱི་འཕེལ་རྒྱས་ཀྱི་སྙོམས་སྒྲིག་རང་བཞིན་གོམ་གང་མདུན་སྤོས་སྒོས་གོང་འཕེལ་དུ་ཕྱིན། ཤུགས་ཆེན་པོས་དབུལ་སེལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་སྟེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་འགོ་ཚུགས་པའི་ལས་ཀ་ལེགས་པར་བསྒྲུབས། ཤུགས་ཆེན་པོས་དམངས་འཚོ་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་བ་སྟེ། སྤྱི་ཚོགས་ཀྱི་གཞི་རྩའི་གཞུང་བའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་ཕྱིན། སྲིད་གཞུང་གི་འགན་ནུས་དང་སྤྱོད་ལམ་བསྒྱུར་འགོད་ལ་ཤུགས་སྣོན་བྱས་པ་སྟེ། འབད་པ་ཆེན་པོས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་གོང་འཕེལ་དུ་བཏང་ཞེས་བསྟན། དབྱི་ལི་ཡིས་སྲིད་གཞུང་གིས་ཚད་མཐོན་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་ས་ཁུལ་ཕན་ཚུན་གྱི་འཕེལ་རྒྱས་དོ་མཉམ་མ་ཡིན་པ་དང་མི་རེའི་ཆ་སྙོམས་ཀྱི་དཔལ་འབྱོར་ཆུ་ཚད་ཅུང་དམའ་བ། དཔལ་འབྱོར་དང་ཁེ་ལས་བརྟན་བརླིང་གི་རྨང་གཞི་ད་དུང་སྲ་བརྟན་མིན་པ། དངོས་གཟུགས་དཔལ་འབྱོར་ལ་དཀའ་ཁག་ཅུང་ཡོད་པ། ས་ཁུལ་ཁ་ཤས་སུ་དགུན་ཁར་རྡུལ་སྨུག་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པ་སོགས་མང་ཚོགས་ཀྱི་དོ་སྣང་བྱེད་བཞིན་གྱི་གནད་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད། དེ་མིན་སྲིད་གཞུང་གི་དོན་བསྒྲུབ་པའི་ལས་ཆོད། སྤྱི་ཚོགས་བཅོས་སྐྱོང་དང་མང་ཚོགས་ཀྱི་རེ་བའི་བར་ན་གནས་པའི་བར་ཐག་སོགས་གནད་དོན་ལ་བྱེད་ཐབས་བཀོལ་ནས་ཐག་བཅོད་བྱེད་བཞིན་ཡོད་ཅེས་བསྟན།
        དབྱི་ལི་ཡིས་ད་ལོར་འཚོགས་རྒྱུ་ཡིན་པའི་ཏང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དགུ་པ་དང་ཞིང་ཆེན་གྱི་ཏང་གི་སྐབས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ཞིང་། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་གཅིག་ཀྱང་ཡིན། ད་ལོའི་ཕྱོགས་སོ་སོའི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་ནི་ཆེས་གལ་ཆེ་བའི་གནད་འགག་ཡིན། ད་ལོའི་སྲིད་གཞུང་ལས་ཀའི་སྤྱིའི་བླང་བྱ་ནི་ཁྱོན་ཡོངས་ནས་ཏང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ། དེ་མིན་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ནན་ཏན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་བྱེད་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། ཞིང་ཆེན་ཏང་ཨུའི་ཚོགས་ཆེན་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚགས་ཐེངས་བརྒྱད་པ་དང་དགུ་པ། དེ་མིན་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུས་དང་རྣམ་པ་ཀུན་དུ་འཕེལ་རྒྱས་དང་བསྒྱུར་འགོད་རྣམ་པའི་འཕེལ་རྒྱས་ངེས་ཤུགས་ལ་ཁ་གཏད་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲ་བརྟན་དང་ལག་བསྟར་བྱས། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱན་རྣམ་གསར་པར་བསྟུན་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པའི་སྤྱིའི་གོམ་འགྲོས་རྒྱུན་འཁྱོངས་བྱས། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་ནུས་མཐོར་འདེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མི་གསུམ་ལག་བསྟར་བྱས། ཁྱོན་ཡོངས་ནས་གསར་གཏོད་བཅོས་བསྒྱུར་བྱེད་པའི་ལས་གྲྭ་གཞི་ཨང་དང་པོ་དང་དབུལ་སེལ་འགག་སྒྲོལ་གྱི་ལས་དོན་གལ་ཆེན། ལྗང་མདོག་འཕེལ་རྒྱས། དངོས་གཟུགས་དཔལ་འབྱོར་དར་སྤེལ་དུ་གཏོང་བ་བཅས་འབུར་དུ་ཐོན་པར་བྱས་ནས་ཁྱོན་ཡོངས་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་སྙོམས་སྒྲིག་བྱེད་པ། དམངས་འཚོ་ལེགས་པར་བསྒྲུབ་པ། ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཁག་སོ་སོའི་ལས་ཀ་ལེགས་པོར་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།
        སྙན་ཞུ་ལས་ད་ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ནི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་གྱི་7.5%ཡས་མས་སུ་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་10%ལ་འཕར།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སོ་སོར་8%དང་9%ལ་འཕར་ཡོད་པ་དང་། གྲོང་མིའི་འཛད་སྤྱོད་འབོར་གྲངས་3%ལ་འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་ཚོད་འཛིན་བྱེད་ཚད་4.5%ལ་འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་7.5%ལ་འཕར། ནུས་གྲོན་སྙིགས་འཕྲི་དང་ཁོར་ཡུག་སྲུང་སྐྱོང་དུས་ལྟར་རྒྱལ་ཁབ་ཀྱིས་སྤྲད་པའི་དམིགས་ཚད་ལྟར་འགན་ལེགས་པོར་འགྲུབ་ཅེས་བསྟན། དབྱིན་ལི་ཡིས་དམིགས་ཡུལ་འདི་དག་གཏན་འབེབ་བྱེད་དོན་ནི་གང་ལེགས་སྒོས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་། ཚོང་རའི་ཡིད་ཆེས་བརྟན་འཇགས་སུ་གཏོང་བ་དང་ལས་ཞུགས་ཇེ་མང་དུ་གཏོང་བའི་དགོས་མཁོ་ལ་བམས་གཞིགས་གང་ལེགས་བཏང་བ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་བར་སྟོང་འཇོག་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བཏང་། དུས་མཚུངས་སུ་ཐོན་ལས་དང་དགོས་མཁོའི་འདེགས་སྐྱོར་ཐད་ནས་དབྱེ་ཞིབ་བྱས་ཡོད་པས། ཀྲུང་དབྱང་གིས་བཏོན་པའི་བརྟན་པོའི་ཁྲོད་ལས་ཀ་སྤྱིའི་རྩ་དོན་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་དང་བསྟུན་པ་དང་རང་རེའི་ཞིང་ཆེན་གྱི་དོན་དངོས་ལ་ཡང་བསྟུན་ཡོད། དམིགས་ཡུལ་འདི་དག་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་མུ་མཐུད་ནས་འཕེལ་རྒྱས་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པར་དམིགས་སྟེ་བསྒྱུར་བཅོས་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་སྐུལ་སློང་བྱ་དགོས་པ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཇེ་ཆེ་རུ་བཏང་ནས་ལྗང་མདོག་འཕེལ་རྒྱས་སྔར་བཞིན་སྐུལ་སྤེལ་གཏང་དགོས་པ་མ་ཟད། དུས་མཚུངས་སུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་ཚོགས་ལ་ཕན་པ་ཐོབ་དགོས་ཞེས་བསྟན།
        སྙན་ཞུ་ལས་ཕྱོགས་བཅུའི་ཐད་ནས་2017ལོའི་གཙོ་གནད་ལས་ཀ་དག་ལ་བཀོད་སྒྲིག་བྱས་ཡོད། གཅིག་ནས། ཤུགས་ཆེན་པོས་དཔལ་འབྱོར་བརྟན་འཕེལ་འཕར་སྣོན་ལ་སྐུལ་འདེད་བཏང་དགོས། གཉིས་ནས། གཏིང་ཟབ་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་གཏང་དགོས། གསུམ་ནས། ནན་ཏན་གྱིས་གསར་གཏོད་སྒྱུར་བཅོས་ལ་སྐུལ་འདེད་ཁྱོན་ཡོངས་ནས་གཏང་དགོས། བཞི་ནས། ལྷོད་མེད་ངང་ཞིང་གསུམ་ལས་ཀ་དམ་འཛིན་བྱ་དགོས། ལྔ་ནས། གཅིག་གྱུར་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ལ་འཆར་འགོད་བྱ་དགོས། དྲུག་ནས། གོམ་གང་མདུན་སྤོས་སྒོས་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་དགོས། བདུན་ནས། ནན་ཏན་གྱིས་ལྗང་མདོག་འཕེལ་རྒྱས་དམ་འཛིན་བྱ་དགོས། བརྒྱད་ནས། དབུལ་སེལ་འགག་སྒྲོལ་གྱི་ལས་ཀའི་ཁྲོད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བྱ་དགོས། དགུ་ནས། རྒྱུན་མཐུད་ངང་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།  བཅུ་ནས། མུ་མཐུད་དུ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།
        དུས་བབས་གསར་པ་དང་ལས་འགན་གསར་པའི་ཁྲོད་སྲིད་གཞུང་གི་ལས་ཀ་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན། དབྱི་ལི་ཡིས་ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མུ་མཐུད་དུ་ལྷོད་གཏོང་དང་དོ་དམ། ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་གཏང་དགོས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ཐད་ལ་སྐུལ་འདེད་གཏང་དགོས། རྒྱུན་ཆད་མེད་པར་འགན་ནུས་ཀུན་སྤྱོད་བཅོས་བསྒྱུར་དང་། ཞབས་ཞུའི་ཕན་འབྲས་མཐོར་འདེགས་སུ་གཏོང་བ་མངོན་འགྱུར་བྱ་དགོས་ཞེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1