རྒྱལ་ཕྱིའི་བོད་རིགས་སྤུན་ཟླ་ཁྲི་20ཡི་འཚོ་གནས་ལ་དོ་ཁུར་བྱེད་རྒྱུ་ཡིན་ཞེས་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


        ཚེས་21ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གི་ ཀྲུའུ་རེན་ཆིའུ་ཡུན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བ་ལྷ་ས་གྲོང་ཁྱེར་ནས།རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གིས་རྒྱལ་ཕྱིའི་ཕྱིར་སྡོད་རང་མིས་བོད་ལྗོངས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་སྐུལ་སྤེལ་བྱེད་པའི་དུས་མཚུངས་སུ།རྒྱལ་ཕྱིར་སྡོད་པའི་བོད་རིགས་སྤུན་ཟླ་ཁྲི་20ཡི་འཚོ་གནས་ལའང་དོ་ཁུར་བྱེད་རྒྱུ་ཞེས་གསུངས།
       ཉིན་དེའི་དགོང་མོར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅི་ཁྲེན་ཆོན་ཀུའོ་ཡིས་ ཆིའུ་ཡུན་ཕིང་ལྷན་རྒྱས་ལ་མཇལ་འཕྲད་གནང་པ་མ་ཟད།བོད་ལྗོངས་ཀྱི་ཉེ་བའི་ལོ་ཚུན་གྱི་འཕེལ་འགྱུར་ངོ་སྤྲོད་གནང་།ཆིའུ་ཡུན་ཕིང་གིས་བོད་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས་དང་།མི་རིགས་མཐུན་སྒྲིལ།ཆོས་དོན་དར་སྤེལ།སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་གནས་སྟངས་ལ་གདེང་འཇོག་ཚད་མེད་གནང་།
        ཆིའུ་ཡུན་ཕིང་གིས་2013ལོའི་རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་མ་ལག་གིས་བོད་ལྗོངས་ལ་དམངས་སྒོར་དུང་ཕྱུར་42ལ་སླེབས་པ་ཞལ་འདེབས་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གིས་ལོ་རེར་ཕྱིར་སྡོད་རང་མིས་ཞལ་འདེབས་གནང་བའི་མ་དངུལ་དག་བོད་ལྗོངས་ཀྱི་དམངས་འཚོ་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་སྤྱད།དེའི་ནང་དུ་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ།བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་རིན་མེད་སྨན་བཅོས་དང་ནད་བརྟག་སོགས་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།བོད་ལྗོངས་ཀྱི་གཞི་རིམ་ཤང་གི་འཕྲོད་བསྟེན་ཁང་ལ་མྱུར་སྐྱོར་རླངས་འཁོར་འདོན་སྤྲོད་བྱས་ནས་མིག་སྔར་རླངས་འཁོར་20སྤྲད་པ་བཅས་འདུས།ཕྱིན་ཆད་མུ་མཐུད་ནས་རླངས་ འཁོར་སྤྲད་དེ་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དངོས་ཐག་གཅོད་བྱེད་རྒྱུ་ཟེར།
        ཁོ་མོས།ཕྱིས་འབྱུང་རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གིས་བོད་ཀྱི་འབྲོག་ཁུལ་གྱི་དུད་ཚང་སོ་སོར་བརྙན་འཕྲིན་བསྐྱལ་ཏེ་ས་མཐའི་འབྲོག་པ་མང་ཚོགས་ཀྱིས་བརྙན་འཕྲིན་ལ་གཟིགས་མི་ཐུབ་པའི་གནད་དོན་ཐག་གཅོད་རྒྱུ་མ་ཟད།བོད་ལྗོངས་ཀྱི་དཀའ་ངལ་ཆེ་བའི་བྱིས་པ་ཁག་ཅིག་ལ་སློབ་ཞུགས་རོགས་དངུལ་གནང་ནས་ཁོ་ཚོའི་སློབ་གཉེར་ལ་རོགས་རམ་བྱེད་རྒྱུ་ཡིན་ཞེས་དང་།བོད་ལྗོངས་ཀྱི་འཕེལ་རྒྱས་བར་སྟོང་ཆེ་ཞིང་།མ་འཇོག་མངའ་ཁོངས་ཡངས་པ་བཅས་ཀྱི་ཐོན་ཁུངས་ལ་དམིགས་ནས་རྒྱལ་ཁབ་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གིས་ཕྱིར་སྡོད་ཚོང་པ་དང་།ཕྱིར་སྡོད་ཀྲུང་གོའི་ཚོང་བ་བཅས་སྒྲིག་འཛུགས་བྱས་ཏེ།བོད་ལྗོངས་སུ་བསྐྱོད་པའི་བྱ་འགུལ་སྤེལ་ཁར།ཚོང་བ་དེ་དག་གི་མ་འཇོག་རེ་བ་བསྐོང་བ་ལ་བརྟེན་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་།རྒྱལ་ཕྱིའི་བོད་རིགས་སྤུན་ཟླ་ཁྲི་20ཡི་འཚོ་བ་དང་འཚོ་གནས་ལ་དོ་ཁུར་བྱེད་རྒྱུ་ཡིན་པས།རྒྱལ་ཕྱིའི་བོད་རིགས་སྤུན་ཟླ་སྒྲིག་འཛུགས་བྱས་ཏེ་ཕ་ཡུལ་གྱི་འགྱུར་ལྡོག་ལ་གཟིགས་སུ་འཇུག་པ་དང་།སློབ་སྦྱོང་གི་བྱ་དགའི་མ་དངུལ་གནང་ནས་བོད་རིགས་སྤུན་ཟླའི་བུ་ཕྲུག་ཕྱིར་རྒྱལ་ནང་དུ་ལོག་ནས་སློབ་སྦྱོང་བྱེད་པར་ཡར་སྐུལ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1