རྫས་འགྱུར་བསླབ་གཞི་དང་འབྲེལ་ནས་ཐ་མག་གི་གནོད་འཚེ་གླེང་བ།

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་། བསམ་འགྲུབ་ཚེ་རིང་། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 01-18



        ཐ་མག་འཐེན་མཁན་རྣམས་ཀྱིས་ཐ་མག་རྔུབ་རྗེས་སུ་བཟི་བའི་ཚོར་བ་ཞིག་འཚོལ་བཞིན་འདུག འོ་ན་ཚོར་བ་དེ་ཇི་ལྟར་ཐོན་པ་ཡིན་ཞེ་ན། དོན་ངོ་མར་མིའི་ཁྲག་ནང་གི་ཁྲག་དམར་སྤྲི་དཀར་དེས་དབྱང་རླུང་རྔུབ་པ་དང་དབྱང་གཉིས་ཐཱན་རྫས་འབྱིན་པའི་བརྒྱུད་རིམ་ནང་འདྲེན་གཞིའི་ནུས་པ་ཐོན་པ་ཡིན། ཁྲག་དམར་སྤྲི་དཀར་ནི་སྤྲི་དཀར་རྒྱུ་དང་ཁྲག་དམར་རྒྱུ་ལས་གྲུབ་པ་དང་། གློ་བའི་ཁྲག་དམར་སྤྲི་དཀར་ནང་གི་ཁྲག་དམར་རྒྱུFe2+དང་དབྱང་འདྲེས་ཏེ་དབྱང་འདྲེས་ཁྲག་དམར་སྤྲི་དཀར་གྲུབ་ཅིང་། དེ་ཁྲག་དང་ལྷན་དུ་ལུས་པོའི་ཕུང་གྲུབ་དབང་བོ་ཁག་སོ་སོར་རྒྱུ་བ་དང་། དབྱང་རླུང་འབུད་དེ་ལུས་པོའི་ནང་དབྱང་འགྱུར་མཁོ་སྤྲོད་བྱེད་པ་ཡིན། དེ་དང་ཆབས་ཅིག་ཁྲག་དམར་སྤྲི་དཀར་དེ་ཁྲག་ནང་གི་དབྱང་གཉིས་ཐཱན་རྫས་དང་འདྲེས་ཏེ་གློ་བ་བརྒྱུད་ནས་ཕྱིར་འབྱིན། མིའི་དབུགས་འབྱིན་རྔུབ་ནི་དེ་ལྟར་བསྐྱར་ཟློས་བྱས་པའི་བརྒྱུད་རིམ་ཞིག་ཡིན། ཁྲག་དམར་སྤྲི་དཀར་དེ་ཡང་དབྱང་གཅིག་ཐཱན་རྫས་དང་འདྲེས་ཐུབ་པ་མ་ཟད། འདྲེས་ནུས་ཧ་ཅང་ཆེ་སྟེ་དབྱང་རླུང་གི་ལྡབ་ཉིས་བརྒྱ་ཡིན། དབྱང་གཅིག་ཐཱན་རྫས་འདྲེས་པའི་ཁྲག་དམར་སྤྲི་དཀར་དེ་དབྱང་རླུང་དང་བསྐྱར་དུ་འདྲེས་མ་ཐུབ་པའི་སྐབས་སུ། མིར་དབྱང་རླུང་མ་འདང་བར་དབུགས་འགག་ནས་ཤི་ཉེན་ཡོད། དེ་ནི་སོལ་རླུང་གི་དུག་ཕོག་པའི་གནས་ལུགས་ཀྱང་ཡིན། ཐ་མག་གི་དུ་བའི་ནང་དུག་ལྡན་དངོས་པོ་བརྒྱ་ཕྲག་འགའ་ཡོད་ཅིང་། དེའི་ནང་དབྱང་གཅིག་ཐཱན་རྫས་ཀྱང་ཡོད་པས་ཐ་མག་འཐེན་རྗེས་ཀྱི་བཟི་བའི་ཚོར་བ་སྐྱིད་པོ་དེ་ནི་ང་ཚོ་ལ་དུག་ཕྲན་ཙམ་ཕོག་པ་མ་ཡིན་ནམ། དེ་བས་ཐ་མག་འཐེན་པ་ནི་གོམས་གཤིས་ཡག་པ་ཞིག་རྩ་བ་ནས་མིན། ཐ་མག་གི་དུ་བའི་ནང་མིའི་ལུས་པོར་གནོད་པའི་དངོས་པོ་རིགས་བརྒྱ་ཕྲག་ཡོད་པ་དང་། དུག་ཤེད་ཆེ་ཤོས་ནི་དབྱང་གཅིག་ཐཱན་རྫས་དང་། ཉི་ཀུ་ཏིང(དུད་བུལ)སྐྲན་ནད་ཕོག་རྫས(པུན་གཤིབ་པིན་དང་ཨོ་གཉིས་དབྱིན)ལྡན་པའི་འཚིག་སྣུམ་སོགས་ཡིན། ཡུན་རིང་ཐ་མག་འཐེན་མཁན་ཞིག་ཡིན་ན་སྙིང་གི་ཁྲག་རྩ་འགག་པ་དང་། གློ་བ་རླུང་སྐྲངས། གློ་བའི་སྐྲན་ནད་སོགས་ཀྱི་ནད་གཞི་ཕོག་སླ་བ་དང་། ཐ་མག་ཕོན་ཆེན་འཐེན་ཚེ་དུག་ཕོག་ནས་ཤི་བའི་གནས་ཚུལ་ཐོན་གྱི་ཡོད་པས་ང་ཚོས་ཐ་མག་འཐེན་པ་ནི་རང་ཉིད་ལ་ནད་གཞི་ཕོག་ཏུ་འཇུག་པའི་ཆེད་དུ་ཡིན།།

. 1



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1