སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


       ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བའི་མཛད་སྒོ་དེ་ཟླ་5བའི་ཚེས་17ཉིན་པེ་ཅིན་གྲོང་ཁྱེར་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་བ་དང་།ཐེངས་འདིའི་བྱ་དགའི་དཔྱད་བསྡུར་བྱ་འགུལ་ཁྲོད་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ཞིབ་འཇག་པ་དང་ཆེད་མཁས་པའི་བརྩམས་ཆོས་249དཔྱད་བསྡུར་ཁྲོད་ཞུགས།མཐའ་མཇུག་བྱ་དགའ་ཨང་དང་པོ་གཉིས་དང་།བྱ་དགའ་ཨང་གཉིས་པ7།བྱ་དགའ་ཨང་གསུམ་པ་10བཅས་འདེམས་པ་ལས།བོད་ལྗོངས་ཀྱི་《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ལ་དམིགས་བསལ་བྱ་དགའ་ཐོབ།དེ་མིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལས་དོན་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པའི་བོད་རིག་ཆེད་མཁས་པ་རྡོ་རྗེ་རྒྱལ་པོ་དང་ཝུའུ་ཅུན་གཉིས་ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཐོབ།
       《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ནི་སྐུ་ཚེ་འདས་ཟིན་པའི་བོད་སྨན་མཁས་བ་གྲགས་ཅན་ནམ།བོད་ལྗོངས་གསོ་རིག་སློབ་གླིང་གི་ཡོན་ཀྲང་སྔོན་མ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བརྩམས་ཤིང་།དེ་ནི་གསོ་རིག་སྨན་བཅོས་ལག་ལེན་དང་གཞུང་ལུགས་གཉིས་གཅིག་ཏུ་བསྡུས་པའི་བོད་ཀྱི་གསོ་རིག་ཉེར་མཁོ་དཔེ་ཆ་གྲགས་ཅན་ཞིག་ཡིན།1997ལོར་བོད་ལྗོངས་གསོ་རིག་སློབ་གླིང་གིས་ཆེད་གཉེར་མི་སྣ་རྩ་འཛུགས་བྱས་ཏེ་ལོ5ལྷག་གི་དུས་ཚོད་བེད་སྤྱད་དེ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་བོད་སྨན་ལག་ལེན་དང་སློབ་ཁྲིད་ཀྱི་ལས་ལ་ཞུགས་ནས་ལོ་ངོ་70ལྷག་གི་དུས་ཡུན་ཁྲོད་བྱུང་བའི་རིག་གཞུང་སྐོར་གྱི་བསམ་བློ་དང་།གཞུང་ལུགས་སྐོར་གྱི་གྲུབ་འབྲས།དཔེ་ཆ་ཀློག་པའི་ཟིན་བྲིས་སོགས་ལ་ཕྱོགས་བསྡུས་དང་ལེགས་སྒྲིག་བྱས་པ་ལས་《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན》ཞེས་པ་བརྩམས་པ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1