བོད་སིལ་བུའི་དུས་ཀྱི་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།

སྒྲོལ་མ་འཚོ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 01-19


        སྤྱི་ལོ་841ལོར་བཙན་པོ་གླང་དར་མ་སྐུ་གཤེགས་རྗེས་དེའི་ཕྱི་ལོ་བཙུན་མོ་ཆུང་བ་ཚེ་སྤོང་བཟའ་ལ་སྲས་གནམ་ལྡེ་འོད་སྲུངས་འཁྲུངས་པ་དེ་ཉིད་རྒྱལ་ས་ལ་བཀོད། ལོ་དེར་བཙན་མོ་ཆེ་བ་སྣ་ནམ་བཟའ་ལ་སྲས་ཡུམ་བརྟན་འཁྲུངས། དེ་ནས་བཙུན་མོ་གཉིས་སོ་སོའི་ཕྱོགས་ཀྱི་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུངས་ཀྱི་གཡོ་རུ་བཟུང་ནས་དབུ་གཡོ་འཁྲུག་པ་བྱས། དེ་ལྟར་དབུ་གཡོ་འཁྲུག་པའི་རྐྱེན་གྱིས་བོད་ཀྱི་སྲིང་དབང་ཁ་གྱེས་ཏེ་བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་མ་ཐུབ་པས་སྤྱི་ལོ་869པའི་ས་གླང་ལོར་དབས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་ཏེ་ཐོག་མར་མདོ་ཁམས་ནས་གྱེན་ལོག་བྱུང་བ་དང་། དེ་ནས་རིམ་བཞིན་དབུ་རུ་དང་གཡོ་རུའི་ཕྱོགས་ནས་གྱེལ་རེར་རྗེ་དཔོན་རེ་བྱུང་སྟེ་བོད་ཀྱི་ཆོས་སྲིད་སིལ་བུར་འཐོར། དེ་ནས་ས་སྐྱ་པས་བོད་ལ་དབང་བསྒྱུར་མ་བྱས་པའི་ཚུན་ཆད་ལ་བོད་སིལ་བའི་དུས་སྐབས་ཡིན།

        བོད་སིལ་བུར་ལོ་ངོ་བཞི་བརྒྱ་841ནས1265ལྷག་ཙམ་གྱི་ལོ་རྒྱུས་ཡོད། ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་དེའི་ནང་བོད་ཀྱི་ཡིག་སྒྱུར་གཞུང་ལུགས་དང་ལག་ལེན་ལ་རྣམ་པ་གཉིས་ཐོན་ཡོད་པ་ལས་ཡིག་སྒྱུར་གྱི་རྒྱུན་ཆད་པའི་དུས་དང་ཡིག་སྒྱུར་བསྐྱར་དར་བའི་དུས་དེ་ཡིན། དང་པོ་ནི། སྤྱི་ལོ་841ནས918བར་ལོ་ངོ་བདུན་བཅུ་ལྷག་ཙམ་རིང་ལ་བོད་ཀྱི་ཡིག་སྒྱུར་བྱ་བཞག་རྒྱུན་ཆད་པ་ཡིན། དེའི་རིང་ལ་ཀུན་གྱིས་མཁྱེན་གསལ་ལྟར་བོད་ལ་བོད་ཡོང་ས་ཀྱི་མོས་མཐུན་དང་བསྟུན་ནས་མངའ་གསོལ་བའི་རྒྱལ་པོ་ཞིག་དང་ཆབ་སྲིད་ཅིག་མེད་པས་བོད་ཀྱི་ལོ་ཙཱའི་བྱ་བཞག་འཕེལ་རྒྱས་འགྲོ་རྒྱུར་ཕར་ཞོག་དེ་ལས་ལྡོག་དེ་གཏོར་བཤིག་ཆེན་པོ་ཐེབས་ཡོད་པ་རེད། སྐབས་དེར་རྒྱལ་པོའི་གོ་གནས་དང་སོ་སོའི་མངའ་ཁོངས་ཁོ་ནའི་ཆེད་དུ་ནང་ཕན་ཚུན་འཁྲུག་རྩོད་ལ་གཡེང་ནས་མེས་པོས་བཞག་པའི་གསེར་ལས་དཀོན་པའི་དམ་པའི་ཆོས་དང་རིག་གནས་ལ་དོ་དམ་དང་རྒྱུན་སྐྱོང་ལེགས་པོ་ཞིག་བྱ་མ་ཐུབ་པས་དུས་ཡུན་རིང་པོ་དེའི་ནང་ཡབ་མེས་སྐབས་ཀྱི་མཛད་རྗེས་བཞིན་བྱུང་མེད། གཉིས་པ་ནི། བླ་ཆེན་དགོངས་པ་རབ་གསལ་དང་ལྷ་བླ་མ་ཡེ་ཤེས་འོད་གཉིས་ཀྱིས་བསྟན་པའི་མེ་རོ་གསོས་པ་ནས་བཟུང་བོད་ལ་ནང་པའི་བསྟན་པ་བསྐྱར་དར་གྱི་དུས་བཟུང་པོ་ཞིག་དང་དགོས་པའི་དབང་གིས་ཡིག་སྒྱུར་གྱི་བྱ་བཞག་སླར་ཡང་དཔྱིད་དཔལ་གསར་པར་བཞད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་བོད་ཀྱི་བསྟན་པ་ཕྱི་དར་ཡིན། དེ་ཡང་ཆུ་བྱ་སྟེ་སྤྱི་ལོ་892ལོར་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། དགུང་ལོ་བཅོ་ལྔ་པར་སྨར་གཡོ་གཙང་གསུམ་མུ་ནེ། གཡོ་དགེ་བའི་འབྱུང་གནས། གཙང་པ་རབ་གསལ། ལས་རབ་ཏུ་བྱུང་ནས་བསྟན་པའི་མེ་རོ་མདོ་སྨད་ནས་གསོས། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་བོད་དུ་བསྟན་པ་ཕྱི་མ་དར་ཚུལ་ཡང་། དང་པོ་བསྟན་རྩ་འདུལ་བའི་སྡེ་སྣོད་ནི།། སྡོམ་བརྩོན་དུ་མ་ཁམས་སུ་བྲོས་པ་ལས།། མོས་པ་སྤྱོད་པའི་ས་ལ་གནས་ཡི།། མུ་གཟུ་གསལ་འབར་རབ་ཏུ་བྱུང་བ་ནི།། བླ་ཆེན་དགོངས་པ་རབ་གསལ་ཞེས་བྱར་གྲགས།། དེ་ནི་མཁན་བུ་སྡོམ་བརྩན་མང་དུ་འཕེལ།། ཁྱད་པར་དབུས་གཙང་མི་བཅུས་བཀའ་དྲིན་མནོས།། བསྟན་པའི་མེ་རོ་མདོ་ཁམས་ནས་གསོས་པ།། སྨད་འདུལ་ཞེས་བྱར་མཚན་དུ་གྲགས་པ་ཡིན།། ཞེས་གསུངས་པའོ། དེ་ནས་བླ་ཆེན་དགུང་ལོ་དོན་བཞི་པའི་ཤིང་གླང་སྟེ་སྤྱི་ལོ་965ལོར་བླ་མ་ཡེ་ཤེས་འོད་སྐུ་འཁྲུངས། དེབ་ཐེར་དམར་པོ་ལས་མངའ་རིས་གུ་གེའི་རྒྱལ་པོ་བཀྲ་ཤིས་མགོན་གྱི་སྲས་ཆེ་ཆུང་གཉིས་ཀྱི་ཆུང་བ་ཡིན། ཐོག་མར་ཆུང་དུས་ཀྱི་མིང་ལ་སྲོང་ངེ་ཟེར་ཞིང་། རྗེས་སུ་རྒྱལ་པོ་བྱས་པའི་མིང་ལ་ཁྲི་སྲོང་ལྡེ་གཙུག་བཙན་ཟེར་ལ། ཁོང་གིས་བཀའ་དྲིན་ལས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ངྷརྨ་པཱ་ལ་གདན་དྲངས་ཏེ་སྟོན་མངའ་རིས་སུ་རབ་ཏུ་བྱུང་གི་སྡེ་དང་འདུལ་བའི་བཤད་པ་བཙུགས། ངྷརྨ་པཱ་ལ་ཡི་སློབ་མ་པཱ་ལ་རྣམ་གསུམ་སོགས་དར་སྤེལ་བྱུང་བ་ལ་སྟོད་འདུལ་གྲགས། གཞན་ཡང་ལྷ་བླ་མ་ཡེ་ཤེ་འོད་ཀྱིས་མེས་པོའི་ཕྱག་རྗེས་རྒྱུན་འཛིན་བྱ་ཆེད། སངས་རྒྱས་ཆོས་ལུགས་གོང་འཕེལ་འགྲོ་བ་ལ་འགོག་རྐྱེན་དང་བར་ཆད་འཕྲད་ཀྱང་དེ་ལ་མགོ་མ་སྒུར་བར་སངས་རྒྱས་ཆོས་ལུགས་ལ་དད་གུས་སྦྱོང་བརྩོན་མུ་མཐུད་གནང་བ་དང་སྦྲགས་མེས་པོའི་མཛད་པའི་ཕྱག་རྒྱུན་བསྐྱངས་ཏེ་སྤྱི་ལོ་996ལོར་མངའ་རིས་གུ་གེ་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། རང་ཉིད་ཀྱི་འཁོར་འབངས་ནས་ཁྱེའུ་བློ་རྣོ་བ་ཉེར་གཅིག་འཕགས་ཡུལ་དུ་བརྫངས་ནས་རྒྱ་གར་གྱི་སྐད་དང་ཡི་གེ་ལ་མཐར་ཕྱིན་པ་སྦྱོངས་བཅུག་ནས་བོད་ཀྱི་ལོ་ཙཱའི་བྱ་བཞག་འཕེལ་རྒྱས་གཏང་རྒྱུ་ལ་རྨང་གཞི་བརྟན་པོ་བཏིངས། ཁྱེའུ་དེ་དག་ལས་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་གཉིས་བོད་དུ་ལོག་ཕེབས་ནས་ཆོས་གཞུང་མང་པོ་བསྒྱུར་ཅིང་གཏན་ལ་ཕབ་པ་དང་བོད་དུ་ཡོད་པའི་ཆོས་གཞུང་ལ་ཡང་དག་ཐེར་མཛད་དོ། ཞེས་གསུངས།

དང་པོ། སྐབས་དེའི་ལོ་ཙཱའི་རྒྱབ་ལྗོངས།

        གོང་དུ་བརྗོད་པ་བཞིན་སྤྱི་ལོ་841པའི་ལྕགས་བྱ་ལོར་བཙན་པོ་དར་མ་་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྐོག་མདའ་འཕངས་ནས་བཀྲོངས་རྗེས་སྲས་གཉིས་རྒྱལ་པོའི་ཁྲི་ལ་མ་མཆམ་ནས་འོད་སྲུངས་ཀྱིས་འཛིན་པའི་གཡོ་རུ་དང་ཡུམ་བརྟན་གྱིས་འཛིན་པའི་དབུ་རུ་གཉིས་ཕན་ཚུན་འཁྲུགས་ནས་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་མ་ཐུབ། དེའི་ཕྱིར་སྤྱི་ལོ་869པའི་ས་གླང་ལོར་མདོ་ཁམས་རིམ་བཞིན་དུ་དབུ་རུ་དང་གཡོ་རུའི་ཕྱོགས་ནས་འབངས་གྱེན་ལོག་བྱུང་བས་བོད་ཁམས་ཡོངས་ཀྱི་ཆོས་སྲིད་འཐོར་ཞིག་ཏུ་སོང་སྟེ་བོད་སིལ་བུ་གྱུར། ཡིན་ན་ཡང་སྟེས་དབང་གིས་དམར་གཡོ་གཙང་གསུམ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་བྲོས་བྱོལ་བྱེད་པའི་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་དང་འཕྲད་པ་དང་དེ་ཉིད་རྗེས་སུ་བཟུང་ནས་སངས་རྒྱས་ཀྱི་བསྟན་པའི་མེ་རོ་མདོ་སྨད་ནས་གསོས་སོ། སྤྱི་ལོ་918ལོར་དབུས་སུ་བསྟན་པ་ཕྱི་དར་གྱི་འདུལ་སྡེ་གསར་དུ་བྱུང་། དེ་ལྟར་ལོ་ངོ་བདུན་བཅུ་ལྷག་ཙམ་རིང་ལ་ཡིག་སྒྱུར་གྱི་བྱ་བཞག་རྒྱུན་ཆད། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མེས་པོའི་སྐབས་བཞིན་རང་རེའི་བློ་རྣོའི་ཁྱེའུ་ཉེར་ཅིག་རྒྱ་གར་ལ་ལོ་ཙཱ་སྦྱོང་དུ་བཏང་། མ་ཚད་སྐབས་དེར་བོད་ལ་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར་བས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྒྱ་གར་ནས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུས་ནས་ཆོས་ལོག་དང་སྔགས་ལ་བསྙད་བཏགས་པའི་རྩིང་སྤྱོད་ཐམས་ཅད་སུན་འབྱིན་དང་བྱང་ཆུབ་ལམ་་སྒྲོན་མེ་བསྟན་བཅོས་མཛད་ནས་ནང་བསྟན་ཡང་དག་མི་ཉམས་གོང་དུ་སྤེལ། དེ་ལས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་། རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་བརྩན་འགྲུས་གཡུང་དྲུང་བཅས་སློབ་མ་མང་པོ་བྱུང་། གཞན་ཡང་མར་བ་ལོ་ཙཱ་བ་དང་། རྔོག་བློ་ལྡན་ཤེས་རབ་ལྟ་བུ་རང་གིས་སློབ་ཡོན་བཏང་སྟེ་རྒྱ་གར་དང་ཁ་ཆེ་སོགས་སུ་ཕེབས་ནས་སློབ་གཉེར་དང་བོད་དུ་དམ་ཆོས་མང་པོར་བསྒྱུར་རོ། མདོར་ན་སྐབས་དེར་དེ་ནི་གླང་དར་མས་ནང་བསྟན་བསྣུབས་ནས་བསྟན་པ་ཡང་བསྐྱར་གསོ་བའི་དུས་ཤིག་ཡིན་པ་དང་སྐབས་དེར་བོད་ཁམས་ཡོངས་ལ་སྤྱིའི་བཙན་པོ་དང་གཅིག་གྱུར་གྱི་སྲིང་དབང་ཞིག་མེད་ན་ཡང་ལོ་པཎ་དག་གིས་བཀའ་དྲིན་ལས་ལོ་ཙཱའི་བྱ་བཞག་དང་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་ཡོད།


གཉིས་པ། སྐབས་དེའི་ལོ་ཙཱའི་ནང་དོན།

        ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་རེའི་བློ་རྣོའི་ཁྱེའུ་ཉེར་གཅིག་རྒྱ་གར་ལ་ལོ་ཙཱ་སྦྱོང་དུ་བཏང་། དེ་དག་ལས་རིན་ཆེན་བཟང་པོ་དང་རྔོགས་ལེགས་པའི་ཤེས་རབ་གཉིས་མ་གཏོགས་གཞན་ཐམས་ཅད་ཚད་པས་གྲོངས། རིན་ཆེན་བཟང་པོས་བསྟན་པ་ཕྱི་དར་གྱི་དུས་ལ་མཛད་རྗེས་ཆེན་པོ་བཞག་ཡོད། དེ་ཡང་ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་ས་རྟ་སྟེ་སྤྱི་ལོ་958ལོར་འཁྲུངས། སྐུ་ན་གཞོན་དུས་འཕགས་ཡུལ་ལ་ཕེབས་ནས་ལོ་བཅུ་ལྷག་ཙམ་བཞུགས་ཏེ་པཎྡི་ཏ་དུ་མ་བསྟེན་ནས་མདོ་དང་སྔགས། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་སོགས་མཐར་ཕྱིན་པར་སྦྱངས་ཏེ་བོད་དུ་བྱོན། མངས་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་སྦྱར་ནས་གསང་སྔགས་ཀྱི་གཞུང་མོང་པོ་དང་། གསོ་བ་རིག་པའི་གཞུང་སྨན་དཔྱད་ཡན་ལག་བརྒྱད་པ་དང་ནག་པོ་རྒྱུད་གསུམ། བརྒྱད་སྟོང་པ་རྩ་འགྲེལ། མདོ་སྡེའི་གཞུང་། མངོན་པའི་གཞུང་ལ་སོགས་པ་བསྒྱུར། གསང་སྔགས་གསར་རྙིང་ཡང་བསྟན་པ་ཕྱི་དར་ལོ་ཙཱ་བ་རིན་ཆེན་བཟང་པོས་དེ་སྔོན་བོད་དུ་བསྒྱུར་མ་མྱོང་བའི་གསང་སྔགས་ཀྱི་ཆོས་གསར་བ་མང་པོ་བསྒྱུར་གནང་ནས་བསྐྱར་དུ་གསང་སྔགས་རྙིང་མ་དང་། ལོ་ཆེན་བྱོན་པ་ཚུན་ཆད་ཀྱི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་གསར་མ་ཞེས་གྲགས། མདོར་ན། བསྟན་པ་ཕྱི་དར་ནས་ས་སྐྱས་སྲིད་དབང་མ་བཟུང་བའི་བོད་སིལ་བུའི་སྐབས་ལ་སྔ་ཕྱི་བོད་ཀྱི་མཁས་པ་མང་པོ་རྒྱ་གར་ལ་སློབ་གཉེར་དུ་ཕེབས་ཤིང་རྒྱ་གར་གྱི་ལོ་པཎ་དུ་མ་ཡང་བོད་དུ་ཕེབས་ནས་སྔོན་མ་བསྒྱུར་བའི་སངས་རྒྱས་ཀྱི་བཀའ་བསྟན་བཅོས་དང་རིག་གནས་བསྒྱུར་ཞིང་སྤེལ། དཔེར་ན། ཇོ་བོ་རྗེས་བསྒྱུར་གནང་བའི་དབུ་མའི་གཞུང་རྟོག་གེ་འབར་བ། ཟངས་མཁར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་གནང་བའི་དབུ་མའི་གཞུང་རྟོག་གེ་འབར་བ་ཟངས་མཁར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་གནང་བའི་རིགས་ཐིགས་དང་རྣམ་ངེས། རྣམ་འགྲེལ་རྩ་བ་ལེའུ་གསུམ་པ་སོགས་རྟོག་གེ་ཚད་མའི་གཞུང་དང་རྡོ་རྗེ་ལྕགས་ཐག་གི་གཟུངས། དོན་ཡོད་ཞགས་པའི་གཟུངས་བཅས་གསང་སྔགས་ཀྱི་གཞུང་ལྟ་བུ་བསྒྱུར་ཡོད་པ་ལོ་ཙཱའི་ལོ་རྒྱུས་དེབ་ཐེར་ཁག་ལ་གསལ། བོད་རབ་བྱུང་དང་པོ་མེ་ཡོས་ལོ་སྟེ་སྤྱི་ལོ་1027ལོར་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བོད་དུ་དུས་འཁོར་ཐོག་མ་བསྒྱུར་བ་ནས་བོད་དུ་རབ་བྱུང་རྩིས་པའི་མགོ་ཚུགས་ཤིང་དུས་འཁོར་གྱི་ལུགས་དར་བ་མཛད་དོ། སྐབས་དེའི་ལོ་ཙཱ་བ་སོ་སོས་བསྒྱུར་བའི་ཆོས་གཞུང་ཧ་ཅང་མང་བ་སྐབས་འདིར་རེ་རེ་བཞིན་དུ་རྒྱས་པ་མི་སྨྲའོ།

གསུམ་པ། སྐབས་དེའི་ལོ་ཙཱའི་གཞུང་ལུགས་དང་བཀས་བཅད་པའི་སྐོར།

        སྐབས་དེའི་ལོ་ཙཱའི་གཞུང་ལུགས་དེ་ཡང་བསྟན་པ་ཕྱི་དར་ནས་བརྗོད་དགོས། གང་ལ་ཟེར་ན། གོང་དུ་བརྗོད་པ་བཞིན་བོད་སིལ་བུ་འཐོར་ནས་ལོ་ངོ་བདུན་བཅུ་ལྷག་ཙམ་རིང་ལ་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་ཐམས་ཅད་རྒྱུན་ཆད་པས་སོ། དེས་ན་བསྟན་པ་ཕྱི་དར་སྐབས་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་བསྐྱར་གསོ་དང་ལོ་ཙཱའི་ཐབས་ལམ་བརྒྱུད་ནས་སངས་རྒྱས་ཀྱི་བཀའ་བསྟན་བཅོས་དང་མི་རིགས་གཞན་གྱི་རིག་གནས་སླར་ཡང་ནང་འདྲེན་བྱ་བའི་དུས་ཤིག་ཡིན། སྐབས་དེ་ལ་ལོ་ཙཱའི་གཞུང་ལུགས་དམིགས་བསལ་ལམ་སྔར་ཡབ་མེས་སྐབས་ཀྱི་ལོ་ཙཱའི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་ལྟ་བུ་མེད་ཀྱང་། གཞུང་དེ་རྨང་གཞིར་བྱས་ནས་སྒྲ་སྒྱུར་གཞུང་ལུགས་གོང་འཕེལ་བཏང་ཡོད།དག་ཡིག་ཟ་མ་ཏོག་སོགས་བརྡ་སྤྲོད་གཞུང་ལུགས་ཀྱི་འགྲེལ་པ་གསར་རྙིང་ཤིན་ཏུ་མང་པོ་སྤེལ་ནས་སྐད་ལུགས་ཡིག་སྲོལ་ཚད་ལྡན་ངེས་སྲོལ་ཅན་དུ་གྱུར་པར་བྱས་སོ། ཞེས་ལོ་ཙཱའི་ལོ་རྒྱུས་དེབ་ཐེར་ཁག་ལས་གསལ། སྐབས་དེར་སྲིད་དབང་གཅིག་གྱུར་མིན་ཡང་ནང་བསྟན་ཆོས་གཞུང་དང་རིག་གནས་གཅིག་གྱུར་ཡིན་པས་སྔར་མེས་པོའི་སྐབས་་བཞིན་མིང་མཛོད་བསྒྲིགས་པ་དེ་ཡང་ཀུན་གྱིས་བསླབ་ཏུ་རུང་བ་དང་སློབ་དགོས་པའི་ཀུན་སློང་དབང་དུ་བྱས་ནས་བསྒྲིགས་པ་ཡིན་སྙམ། སྤྱིར་བསྟན་བཅོས་རྩམ་པའི་དགོས་པ་དང་ཀུན་སློང་ཡང་དག་དགོས་པ་ནི་སྔར་ནས་དར་ཡོད་པའི་རང་རེའི་སྲོལ་ཡིན།

བོད་སིལ་བུར་གྱུར་རྗེས་བཙན་པོའི་དུས་སུ་ལོ་ཙཱ་བས་བསྒྱུར་ཅིང་། བཙན་པོས་བཀས་བཅད་པའི་བཀའ་བསྟན་མང་ཆེ་བ་བཞུགས་ཡོད་ཁར། དམར་གཡོ་གཙང་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ། དབུས་གཙང་མཁས་པ་བཅུ་ལ་སོགས་པའི་ཆོས་བྱེད་མི་སྣ་རྣམས་ཀྱིས་འཆར་སྦྱོང་བྱ་བ་ཡང་ལོ་ཙཱ་བས་བསྒྱུར་ཅིང་བཙན་པོས་བཀས་བཅད་པའི་བཀའ་བསྟན་དེ་དག་ཡིན་པ་གོར་མ་ཆག དེ་དག་བསྒྱུར་བའི་ཐབས་ཤེས་དེ་བཙན་པོའི་དུས་བཞིན་བོད་ཕྲུག་རྒྱ་གར་དང་ཁ་ཆེ་སོགས་སུ་གཏོང་བ་དང་། མུ་མཐུད་རྒྱ་གར་དང་ཁེ་ཆེ་སོགས་ནས་པཎ་ཆེན་བོད་དུ་གདན་འདྲེན་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་པ། ཡི་གེ་སྒྱུར་སྐབས་བཙན་པོའི་དུས་སུ་བཀས་བཅད་པའི་ཡིག་སྒྱུར་གྱི་ཐབས་ཤེས་དང་། མིང་ཚིག་ཐ་སྙད་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། རྗོད་བྱེད་ཚིག་སྦྱོར་དང་། བརྡ་སྤྲོད་ཀྱི་རྣམ་པར་འགྱུར་བ་ཆེན་པོ་བྱུང་མེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1