རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བཅའ་ཁྲིམས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 01-19


དོན་ཚན་དང་པོ། རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་རྫས་ཤུལ་འཛིན་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་ལས་དོན་ལ་སྐུལ་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྲོལ་རྒྱུན་སྐོར་གྱི་སློབ་གསོ་གཏོང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འཛུགས་སྤེལ་བྱ་ཆེད་རྩ་ཁྲིམས་ལ་གཞིགས་ཏེ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་གཤམ་གསལ་གྱི་རིག་གནས་ཤུལ་དངོས་རྣམས་ལ་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་རྒྱུ་སྟེ།

གཅིག ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་རིག་གནས་ཤུལ་རྗེས་དང་། གནའ་བོའི་བང་སོ། གནའ་བོའི་རྩིག་བཟོ། བྲག་ཕུག་དགོན་སྡེ། རྡོ་བརྐོས། ལྡེབས་རིས།

གཉིས། ལོ་རྒྱུས་ཀྱི་དོན་རྐྱེན་དང་གསར་བརྗེའི་ལས་འགུལ་གལ་ཆེ་རིགས་སམ་སྐྱེ་བོ་གྲགས་ཅན་དང་འབྲེལ་བ་ཡོད་ཅིང་དྲན་གསོའི་དོན་སྙིང་དང་སློབ་གསོའི་དོན་སྙིང་གལ་ཆེ་བའམ་ལོ་རྒྱུས་ཀྱི་དཔྱད་གཞི་བྱེད་རིན་གལ་ཆེ་ལྡན་པའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཀྱི་ཤུལ་རྙིང་དང་། དངོས་རྫས། མཚོན་བྱེད་རང་བཞིན་ལྡན་པའི་རྩིག་བཟོ་བཅས་གལ་ཆེའི་རིགས།

གསུམ། ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་སྒྱུ་རྩལ་མཚོན་དངོས་དང་མཛེས་བཟོས་དངོས་རིགས་རྩ་ཆེན།

བཞི། ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་ཚད་ལྡན་ཡིག་རིགས་ལག་ཆེན་དང་དེ་བཞིན་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ཕྱག་བྲིས་དང་དཔེ་དེབ་ཡིག་རིགས་སོགས།

ལྔ། ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་དང་མི་རིགས་ཁག་གི་སྤྱི་ཚོགས་ལམ་ལུགས་དང་། སྤྱི་ཚོགས་ཐོན་སྐྱེད། སྤྱི་ཚོགས་ཀྱི་འཚོ་བ་བཅས་མཚོན་བྱེད་ཀྱི་དངོས་པོ་དཔེ་འོས་པ་བཅས་ཡིན། རིག་གནས་ཤུལ་དངོས་ངོས་འཛིན་གཏན་འཁེལ་ཚད་གཞི་དང་བྱ་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་རྒྱུ། ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རྡོ་གྱུར་མ་དང་གནའ་མིིའི་རྡོ་གྱུར་མ་དག་རིག་གནས་ཤུལ་དངོས་དང་གཉིས་སུ་མེད་པར་རྒྱལ་ཁབ་ནས་སྲུང་སྐྱོབ་བྱ་རྒྱུ།

དོན་ཚན་གསུམ་པ། གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་རྩིག་བཟོ། བྲག་ཕུག་དགོན་སྡེ། རྡོ་བརྐོས། ལྡེབས་རིས། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ། མཚོན་བྱེད་རང་བཞིན་ལྡན་པའི་རྩིག་བཟོ་སོགས་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་གནད་ཆེ་བ་དབང་། ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་སྡེ་ཚན་བཅས་ཀྱི་སྡེ་ཚན། གྲོང་ཁྱེར་དང་རྫོང་རིམ་པའི་སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་བཅས་སུ་གཏན་འབེབས་བྱས་ཆོག

ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་གི་གལ་ཆེ་བའི་དངོས་རྫས་དང་། སྒྱུ་རྩལ་དངོས་རྫས། ཚད་ལྡན་ཡིག་རིགས། ཕྱག་བྲིས། དཔེ་དེབ་ཡིག་རིགས། མཚོན་བྱེད་ཀྱི་དངོས་པོ་དཔེ་འོས་པ་སོགས་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་རིག་གནས་ཤུལ་དངོས་རྩ་ཆེན་དང་རིག་གནས་ཤུལ་དངོས་སྤྱིར་བཏང་པར་དབྱེ་འབྱེད་བྱ་རྒྱུ་དང་། རིག་གནས་ཤུལ་དངོས་རྩ་ཆེན་རྣམས་ཀྱང་རིག་གནས་ཤུལ་དངོས་རིམ་པ་དང་པོ་དང་། རིག་གནས་ཤུལ་དངོས་རིམ་པ་གཉིས་པ། རིག་གནས་ཤུལ་དངོས་རིམ་པ་གསུམ་པ་བཅས་སུ་དབྱེ་འབྱེད་བྱ་རྒྱུ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1